ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་དམིགས་ནས་གྲོང་གསེབ་ཁྱོན་ཡོངས་དར་སྤེལ་ལ་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་དམིགས་ནས་གྲོང་གསེབ་ཁྱོན་ཡོངས་དར་སྤེལ་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་གྱིས་བསྟན། 

ད་ལོའི་ལོ་སྟོད་དུ་ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཁྱོན་ཡོངས་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་གྲུབ་འབྲས་གསར་པ་ཐོབ་པ་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བར་གོམ་སྟབས་གསར་པ་སྤོས།

དབྱར་གཞུང་འདིར།  ཧྲན་ཏུང་ཏེ་ཀྲོའུ་རུ། ཞིང་ལས་ཐོན་རྫས་ལས་སྣོན་ལྟེ་གནས་ཤིག་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དེ་ནི་ཁྱིམ་མཚེས་སྡེ་བ་གསུམ་གྱི“ཐུན་མོང་ཕྱུག་འགྱུར་གྱི་ལས་གཞི”ཞིག་རེད།  ཚང་མས་སྔོ་ཚལ་འདེབས་འཛུགས་དང་ས་ཞིང་ཐོན་ཁུངས་སོགས་ཀྱི་དགེ་མཚན་ཕྱོགས་གཅིག་ཏུ་བསྡུས་ནས། རྡོག་རྩ་གཅིག་བསྒྲིལ་གྱིས་གྲོང་གསེབ་དར་སྤེལ་གྱི་ཏེ་ཞོན་ཁུལ་བསྐྲུན་བཞིན་ཡོད།

ཉེ་སྔོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཏུང་ཏེ་ཀྲོའུ་ཡི་གྲོང་གསེབ་དར་སྤེལ་ཏེ་ཞོན་ཁུལ་དུ་ཕེབས་ཤིང་། ཡུལ་མི་ཚོ་དང་མཉམ་དུ་ཐོན་འབབ་སྐོར་གླེང་ནས་ས་གནས་ཀྱིས་ཡུག་ཁུལ་ཅན་གྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འཚོལ་ཞིབ་བྱས་པར་རྒྱུས་ལོན་གནང་།

ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་ལིན་ཁྲིན་མཁར་ཁུལ་གྱི་གྲོང་གསེབ་དར་སྤེལ་ཏེ་ཞོན་ཁུལ་གྱི་འགན་ཁུར་པ་ཅང་ཧུང་ཐའོ་ཡིས་བཤད་རྒྱུར། ད་ཐེངས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་ནས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ལ་ངར་ཤུགས་ཀྱང་ཆེ་རུ་བསྐྱེད། ལས་སྣོན་འཁོར་ཁང་དེ་ཡོད་པས་ཁེ་སྤོགས་ཕྱེད་ཀ་འཕར་ཐུབ་ཟེར། 

མི་རིགས་བསྐྱར་དར་ཡོང་དགོས་ན། གྲོང་གསེབ་ངེས་པར་དུ་དར་སྤེལ་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་ལྟ་སྟངས་ཆེན་པོ་སྤྱད་དེ“ཞིང་གསུམ”གནད་དོན་ལ་ལྟ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་བར་བཀོད་སྒྲིག་གལ་ཆེན་བྱས་པར་མ་ཟད། ཏང་གི་སྒྲིག་ཡིག་ནང་བཀོད།  ལོ་མང་པོའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་བབ་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ཚུལ་ལ་གཞིགས་ནས་འཐབ་ཇུས་ཀྱི་ཇུས་ཐག་གལ་ཆེན་རབ་དང་རིམ་པ་བཅད་ནས། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཐོབ་རྗེས“ཞིང་གསུམ”བྱ་བའི་གཙོ་གནད་དེ་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལོ་རྒྱུས་རང་བཞིན་གྱི་ཕྱོགས་སུ་ཚུལ་སྒྱུར་བྱེད་དགོས་ཞེས་བཏོན་པ་དང་། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་དུས་རབས་གསར་པར་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་དུ་བརྩིས་ནས། མི་ཤུགས་འདོན་པ་དང་། དངོས་ཤུགས་བཀོད་སྒྲིག ནོར་ཤུགས་འགན་སྲུང་བཅས་ཚང་མ་གྲོང་གསེབ་དར་སྤེལ་ཕྱོགས་སུ་གཏོང་དགོས་པའི་བླང་བྱ་བཏོན། ཐེངས་རེ་རེའི་ས་གནས་རྟོག་ཞིབ་ཁྲོད་སྤྱི་ཁྱབ་ཧྲུའུ་ཅིས་ཞིང་ལས་སྔར་ལས་སྟོབས་ལྡན་དང་། ཞིང་སྡེ་སྔར་ལས་མཛེས་པ། ཞིང་པ་སྔར་ལས་ཕྱུག་པོར་འགྱུར་བ་བཅས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་གནང་བ་དང་། ས་གནས་ཁག་གིས་རང་རང་གི་དགེ་མཚན་འདོན་སྤེལ་བྱེད་པ་དང་རང་ལ་འཚམ་པའི་དར་སྤེལ་ལམ་བུར་བསྐྱོད་དགོས་ཞེས་ནན་གྱིས་བསྟན།

ཞིང་ལས་དང་ཞིང་སྡེ་པུའུ་འཕེལ་རྒྱས་འཆར་འགོད་སིའི་སི་ཀྲང་གཞོན་པ་ཧོ་ཧྲའོ་ཕིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”བྱ་བར་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་ལས། གྲོང་གསེབ་ཀྱི་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་དང་། ཞིང་པ་མང་ཚོགས་ལ་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁུར་གནང་བ་མཚོན་ལ།  གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོར་ང་ཚོས་གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་བཏང་སྟེ། གྲོང་གསེབ་ཀྱི་དེང་རབས་འཚོ་བའི་ཆ་རྐྱེན་གྱི་ཞན་ཆ་གསབ་པའི་ལས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། ས་གནས་ཁག་གིས་རང་རང་གི་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་སྤེལ་གྱི་ལམ་བུ་འཚོལ་ཞིབ་བྱེད་པར་ཁྲིད་སྟོན་བྱེད་དགོས་ཟེར།

དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་ནི་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མཐའ་ཚད་ཀྱི་ལས་འགན་ཞིག་རེད། ད་ལོའི་ལོ་སྟོད་དུ་རྒྱུན་རྣམ་ཅན་གྱི་གནད་འཁེལ་རོགས་སྐྱོར་བརྟན་པོའི་ངང་སྤེལ་འགོ་ཚུགས། ཀུའེ་ཀྲོའུ་ཀྲེན་ཧྥེང་རྫོང་གི་ཧྭ་ཅང་སྡེ་བར། ས་གནས་ཀྱིས་རི་ཁྲོད་གྲོག་རོང་གི་མཛེས་ལྗོངས་དགེ་མཚན་དང་ཁྱད་ལྡན་དམངས་སྲོལ་རིག་གནས་གཞི་བྱས་ཏེ་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་ཡོད། གནའ་བོའི་སྡེ་བ་དེར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཡོད་པར་གྱུར།

ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ཅང་ཧྲུའུ་ལིན་གྱིས་བཤད་རྒྱུར། ཧྭ་ཅང་སྡེ་བ་ནི་གནའ་བོའི་སྲོལ་རྒྱུན་གྱི་སྡེ་བ་ཞིག་ཡིན། ད་ལྟ་རྣམ་པ་གསར་པ་མང་པོ་ཐོན་ཡོད། དཔེར་ན། G5བརྡ་རྟགས་སྡེ་བ་ཧྲིལ་པོར་ཁྱབ་པ་དང་། དེ་མིན་གྲངས་འཛིན་ཡུལ་སྐོར་ལས་སྟེགས་སྐྲུན་བཞིན་ཡོད་པ་སོགས་རེད།

ད་ལོར། ཀྲུང་དབྱང་གི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་མ་དངུལ་དེ་ཐོན་ལས་འཕེལ་རྒྱས་ཐད་སྤྱོད་པའི་བསྡུར་ཚད60%ལས་བརྒལ་ནས་རོགས་སྐྱོར་ཐོན་ལས་སྣ་མང་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ཡོད། ཟླ6པའི་ཟླ་མཇུག་བར་དབུལ་ཐར་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་གཞི་ཁྱོན་མི་གྲངས་བྱེ་བ་གསུམ་ས་ཡ་གཉིས་ལས་བརྒལ།

ད་ལོའི་ལོ་སྟོད་དུ་གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་ཆ་ཚང་རིམ་སྤོར་བྱས་ནས་ཞིང་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་རྒྱུར་སྐུལ་ཁྲིད་བྱས། སིལ་དྲི་ཕྱོགས་བཞིར་འཐུལ་བའི་ཞིན་ཅང་ཧ་སྨི་ལ་ད་ལོར་སྒྲིག་བཀོད་ཞིང་ལས་ཀྱི་དུས་ཚིགས་གཉིས་རེའི་ཧ་སྨི་ཀྭ་མུའུ་ཁྲི1གསར་སྣོན་བྱུང་བ་དང་། གསར་དུ་བསྐྲུན་པའི་རིག་ནུས་དབྱེ་འབྱེད་བཟོ་གྲྭ་ཡང་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། ཤིང་འབྲས་ཀྱི་ཆེ་ཆུང་དང་བཟོ་ལྟ་ལྟར་གདམ་གསེས་བྱས་རྗེས། སྤུས་ཀ་ལེགས་པའི་ཧ་སྨི་ཀྭ་རིན་གོང་མཐོན་པོར་བཙོངས་ཐུབ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།