མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས29ཉིན། ཞིང་ཆེན་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲིའི་གདན་ཞུའི་ལས་བསྐོས་བྱེད་སྒོ་སྤེལ་ཏེ། བློ་མཐུན19ཞིང་ཆེན་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་བར་གདན་ཞུ་བྱས་པ་དང་། བློ་མཐུན21ཞིང་ཆེན་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲིའི་ཆེད་མཁས་པའི་མཛོད་ཀྱི་ཁོངས་མིར་གདན་ཞུ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་གདན་ཞུ་དང་ལེན་བྱེད་མཁན་ལ་གདན་ཞུའི་དཔང་ཡིག་བྱིན།
ལུའོ་ཏུང་ཁྲོན་གྱིས་སྐབས་གསར་པའི་ཞིང་ཆེན་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་བ་དང་ཆེད་མཁས་པའི་མཛོད་ཀྱི་ཁོངས་མི་ཚོར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། བཅའ་ཁྲིམས་བློ་འདྲིའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་ནི། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་དེད་ནས་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་ཏེ། སྐྱེ་ཁམས་དཔལཡོན་གྱི་མཐོ་ས་སྐྲུན་རྒྱུ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱ་རྒྱུ། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་ཚད་ཇེ་མགྱོགས་སུ་གཏོང་རྒྱུ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་སྐྲུན་རྒྱུར་ཤུགས་བསྣན་ཏེ། འཐབ་ཇུས་གནས་བབ་ཁྱོན་ཡོངས་ནས་མཐོ་རུ་འགྲོ་བའི་དུས་སྐབས་དང་། སྐྱེ་ཁམས་ལེགས་ཆ་ཚུལ་སྒྱུར་གྱི་གནད་འགག་དུས་སྐབས། དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་མཐོར་འདེགས་གཏོང་བའི་དུས་སྐབས་བཅས་སུ་སླེབས་ཡོད། ཚང་མས་བཅའ་ཁྲིམས་ལ་བྱང་ཆུབ་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཁྲོད་འབད་པས་ཞུགས་ནས། ཞིང་ཆེན་སྲིད་གཞུང་གིས་ཁྲིམས་ལྟར་ཐབས་ཇུས་ཐག་གཅོད་པའི་ཁྲོད་ཀྱི། “ཁྲིམས་སྐྱོང་ཇུས་འདོན”དང་ཁྲིམས་ལྟར་སྲིད་འཛིན་པའི“ཁྲིམས་སྐྱོང་བློ་འདྲི”ཞིག་ཏུ་འགྱུར་བར་བྱས་ཏེ། མཚོ་སྔོན་གྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་དད་མོས་བརྟན་པོ་བྱེད་མཁན་དང་ལྷག་བསམ་རྣམ་དག་གི་ལག་བསྟར་མཁན་བྱེད་དགོས། ཁྲིམས་སྐྱོང་ཇུས་འདོན་གྱི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ་དང་། ཞིང་ཆེན་སྲིད་གཞུང་གི་སྲིད་འཛིན་ཁྲིམས་འཛུགས་ལས་དོན་ཁྲོད་འབད་པས་ཞུགས་པ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། དམངས་འཚོ་འགན་ལེན། གཞི་རིམ་བཅོས་སྐྱོང་སོགས་ཀྱི་ལས་འགན་གཙོ་བོར་དམ་པོར་དམིགས་ཏེ། འཐབ་ཕྱོགས་དང་པོ་རུ་ཁྲིམས་སྐྱོང་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་བཅའ་ཁྲིམས་བློ་འདྲི་མཁོ་འདོན། བཅའ་ཁྲིམས་བསམ་འཆར་འདོན་པ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཁག་ཁུར་གྱི་བྱེད་ཕྱོགས་མངོན་ཅི་ཐུབ་བྱེད་དགོས། གཞུང་དྲང་ཆེད་ལས་ཀྱི་སྣང་བརྙན་བཟང་པོ་སྟོན་རྒྱུ་དང་། བཅའ་ཁྲིམས་ལས་རིགས་ཀྱི་ཀུན་སྤྱོད་དང་ལས་རིགས་ཀྱི་ཚད་གཞིར་བརྩི་སྲུང་ནན་མོ་བྱེད་པ། ལས་ཀའི་གསང་བ་སྲུང་བའི་སྒྲིག་ཁྲིམས་ནན་སྲུང་བྱེད་པ། ཁྲིམས་ལ་བརྩི་འཇོག་དང་ཁྲིམས་ལ་སློབ་སྦྱོང་། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ཀྱི་“ཟུར་ཁྲིད་པ”ཡག་པོ་བྱས་ནས། སྤྱི་ཚོགས་ཡོངས་ལ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་བོ་ཞིག་གྲུབ་པར་སྐུལ་ཁྲིད་བྱེད་དགོས་ཟེར།
ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་གིས་ཆབ་སྲིད་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་བསྡད་དེ། བཅའ་ཁྲིམས་བློ་འདྲིའི་ལས་དོན་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། བདེ་བླག་དང་ཕན་འབྲས་ཆེ་བའི་འཁོར་སྐྱོད་ལམ་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་བློ་འདྲིའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། རྒྱུན་གཏན་གྱི་འབྲེལ་གཏུག་དང་རྩ་འཛུགས་མཐུན་སྦྱོར། ཞབས་ཞུ་འགན་ལེན་སོགས་ཀྱི་ལས་དོན་སྔར་ལས་ཡག་པོ་བསྒྲུབ་པ། བཅའ་ཁྲིམས་བློ་འདྲིའི་ལས་དོན་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན། དངོས་ཕན་ཅན་བཅས་ཀྱི་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་རྒྱུར་བཅའ་ཁྲིམས་ཀྱི་འདེགས་སྐྱོར་སྟོབས་དང་ལྡན་པ་འདོན་སྤྲོད་བྱེད་དགོས།
བྱེད་སྒོའི་སྟེང་དུ། ཞིང་ཆེན་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲིའི་ལས་དོན་སྤེལ་བའི་གནས་ཚུལ་སྐོར་ནས་བརྡ་ཁྱབ་བཏང་བ་དང་། གདན་ཞུ་དང་ལེན་བྱས་པའི་བཅའ་ཁྲིམས་བློ་འདྲིའི་འཐུས་མིས་གཏམ་བཤད།