ཟླ7ཚེས28ཉིན་གྱི་ཆུ་ཚོད11དང་སྐར་མ16དང་། 34ཡི་སྟེང་དུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་དུ་སྔ་རྗེས་སུ་རིམ་པ5.7དང་5.8ཅན་བྱུང་ཞིང་། ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི10རེད། དེ་དང་བྲག་དཀར་རྫོང་མཁར་བར་ལ་ལེ་དབར46ཡོད་པ་དང་། ཆུ་ཁོལ་ཡུལ་ཚོའི་སྲིད་གཞུང་བར་ཧ་ལམ་ལེ་དབར16ཡོད་པ་རེད། ཡོམ་ཁུངས་ནས་ལེ་དབར50ཡི་ཁྱབ་ཁོངས་སུ་གཏེར་རི་དང་། གཙོ་གནད་ཁེ་ལས། ཆུ་མཛོད་སོགས་སྒྲིག་ཆས་ཅི་ཡང་མེད། ད་སྔའི་བར་དུ་ཆུ་ཁོལ་ཡུལ་ཚོའི་སློབ་གྲྭ་དང་། རྒན་གསོ་ཁང་། དགོན་པ་སོགས་ཀྱི་མི་སྣ་ཡོངས་བདེ་སར་སྤར་ཡོད་ཅིང་། གནས་སྐབས་སུ་རྨས་མ་དང་རྒྱུ་ནོར་གོད་ཆག་གི་སྙན་ཞུ་རིགས་ཅི་ཡང་འབྱོར་མེད། ས་ཡོམ་བྱུང་སའི་ཉེ་འཁོར་གྱི་འགྲིམ་འགྲུལ་དང་། བརྡ་འཕྲིན། གློག་འདོན། ཆུ་འདོན་ལ་སོགས་པའི་རྨང་གཞི་སྒྲིག་ཆས་ཀྱི་འཁོར་སྐྱོད་རྒྱུན་ལྡན་རེད།
ས་ཡོམ་བྱུང་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་ཚད་མེད་མཛད་དེ། དེ་མ་ཉིད་དུ་བྱ་བ་བཀོད་སྒྲིག་བྱས་ཤིང་། ལམ་སེང་ཉེན་ཁར་དཔྱད་དཔོག་དང་མངོན་མེད་ཉེན་ཁར་ཞིབ་བཤེར་ལ་སོགས་ཀྱི་ལས་ཀ་ལེགས་པོར་བསྒྲུབ་ཏེ། ཡོམ་འཕྲོ་དང་ཞོར་ཐོན་གནོད་འཚེ་སྔོན་འགོག་མཐའ་འཁྱོལ་བ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན།
མཚོ་ལྷོ་ཁུལ་གྱིས་མེ་ཟོན་རོགས་སྐྱོར་དཔུང་སྡེའི་མི29དང་རླངས་འཁོར7བཀོད་གཏོང་བྱས་ཤིང་། སྨན་བཅོས་འཕྲོད་བསྟེན་དང་། འཕྲལ་སྡོམ་སྐྱོབ་རོགས་དཔུང་སྡེ་སྒྲིག་འཛུགས་བྱས་ནས་ལམ་སེང་ཡོམ་ཁུལ་དུ་བསྐྱོད། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་མེ་ཟོན་རོགས་སྐྱོབ་དཔུང་སྡེ་ཡི་རླངས་འཁོར190དང་མི603གཅིག་ཏུ་བསྡུས་ནས་བཀའ་ལ་སྒུག་ནས་ཡོད་ཅིང་། རྣམ་པ་ཀུན་ཏུ་ས་ཡོམ་གྱི་འཕྲལ་སྡོམ་རོགས་སྐྱོབ་ཐད་ལ་གྲ་སྒྲིག་ཡག་པོ་བྱས།