གཉན་པོ་གཡུ་རྩའི་ས་ཁོངས་དོ་དམ་ཚོད་འཛིན་དང་ས་དམར་ཉག་ཀའི་ཤིང་ལམ་གནས་སྐབས་བཀག་སྡོམ་བྱེད་པའི་སྐོར་གྱི་སྤྱི་བསྒྲགས།
རྒྱ་ཆེའི་ཡུལ་སྐོར་བ་དང་ལྗོངས་ཕྱིར་འགུལ་སྐྱོད་མོས་མཁན་རྣམས་ལ།
《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ལག་ལེན་མཐའ་འཁྱོལ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱ་ཆེད། གཉན་པོ་གཡུ་རྩེའི་ས་ཁོངས་ཡོངས་ཀྱི་དོ་དམ་ཚོད་འཛིན་དང་། ས་དམར་ཉག་གའི་ལྗོངས་གཟིགས་ཤིང་ལམ་གནས་སྐབས་བཀག་སྡོམ་བྱས་ཡོད་སྐོར་ཡོངས་ལ་བསྒྲགས་པ་གཤམ་ལྟར།
གཅིག སྐྱེ་ཁམས་ཀྱི་དམར་ཐིག་དམ་སྲུང་བྱས་ཏེ་རང་དགར་རྐང་ཐང་དུ་བསྐྱོད་མི་ཆོག
གཉན་པོ་གཡུ་རྩེའི་ས་ཁོངས་ཡོངས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྟེ་བའི་ཆུ་གསོ་ཁུལ་ཡིན་ཞིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གཉན་པོ་གཡུ་རྩེ་སྲུང་སྐྱོབ་ཡན་ལག་ཁུལ་དུ་གཏོགས། ས་ཁོངས་བགོ་དུས་ལྟེ་བའི་སྲུང་སྐྱོབ་ཁུལ་དང་། སྤྱིར་བཏང་གི་ཚོད་འཛིན་ཁུལ་ཞེས་གཉིས་སུ་བགོས་ཡོད། དེ་ལས་ལྟེ་བའི་སྲུང་སྐྱོང་ཁུལ་གྱིས་བཀག་སྡོམ་རྣམ་པའི་དོ་དམ་ཚོད་འཛིན་ལག་བསྟར་བྱས་ཡོད། རྒྱལ་ཁབ་སྤྱི་གླིང་དོ་དམ་ཚོད་འཛིན་སྲོལ་ཡིག་གི་གཏན་འབེབས་གཞིར་བཟུང་ན། ལས་ཁུངས་གང་རུང་དང་མི་སྒེར་གང་ཞིག་གང་འདོད་དུ་རི་ཁུལ་དུ་བསྐྱོད་ཅིང་། རྐང་ཐང་དུ་མཚོ་ལ་སྐོར་བ་རྒྱག་པ། སྒར་བརྒྱབ་ནས་སྡོད་པ། རི་བརྒལ་རི་འཛེག་སོགས་བྱེད་མི་རུང་བ་མ་ཟད། རྐང་ཐང་དུ་མཚོ་སྐོར་དང་གནས་དམ་པར་བརྒལ་བའི་ལམ་ཐིག་སྐོར་དྲ་རྒྱའི་སྒང་ན་བསྒྲགས་པ་ཡོད་ཚད་སྒྲིག་འགལ་གྱི་ལམ་ཁོངས་སུ་གཏོགས་པས་རང་དགར་སྲུང་སྐྱོབ་ཁུལ་དུ་འཛུལ་ན། ཆུ་མགོའི་སྔོ་ཁེབས་གསོ་འཁྱོངས་ལ་གཏོར་བཤིག་དང་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་ལ་དཀྲོགས་སློང་སྲིད་པས། གཏན་འབེབས་ཀྱི་སྒྲིག་ལམ་འདི་དང་འགལ་བའི་མི་ལ་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་ཆད་པ་གཅད་རྒྱུ། གལ་ཏེ་རི་ཁུལ་དུ་ལམ་ནོར་ཐེབས་པ་དང་། ཆུ་ལོག་དང་རི་ཉིལ་སོགས་བསམ་ཡིད་ལས་འདས་པའི་དོན་རྐྱེན་ལ་འཕྲད་ཚེ། མཇུག་འབྲས་གང་བྱུང་མི་རང་ཉིད་ནས་འགན་འཁུར་དགོས་པ་རེད།
མིག་སྔར་ཕྱི་ཕྱོགས་ལ་གཉན་པོ་གཡུ་རྩེའི5369སྐྱེ་ཁམས་ཡུལ་སྐོར་ལམ་ཆེན་ཁོ་ན་མ་གཏོགས་ལ་ཀུན་ལ་ཕྱེ་མེད། ཡུལ་སྐོར་བས་ལམ་རྒྱུད་དུ་བཀོད་སྒྲིག་འོས་འཚམ་བྱས་ཡོད་པའི་ལྗོངས་གཟིགས་སྟེགས་བུར་གངས་རི་དང་མཚོ་མོ་ལ་སོགས་ཡུལ་ལྗོངས་ལ་རྒྱང་ལྟ་བྱེད་ཐུབ་པས། དེ་གར་རོལ་མྱོང་བྱེད་པ་ལས་གཞུང་ལམ་གཡོལ་ནས་སྲུང་སྐྱོབ་ས་ཁོངས་སུ་གཏན་ནས་བསྐྱོད་མི་ཆོག ཆོག་མཆན་འགོད་པའི་ལས་རིམ་ཁག་དང་དེ་དང་འབྲེལ་བའི་འགན་སྲུང་གི་ཆ་རྐྱེན་ཚང་མ་འཛོམས་རྗེས། གཞུང་ཕྱོགས་ཀྱིས་དུས་དང་པོར་རིམ་པ་བཞིན་སྒོ་འབྱེད་ཀྱི་བརྡ་ཐོ་གཏང་རྒྱུ་ཡིན་པས། ཚང་མས་ས་གནས་ཀྱི་གཞུང་ཕྱོགས་འཕྲིན་སྟེགས་ཀྱིས་སྤེལ་བའི་གནས་ཚུལ་ཚད་གཞི་འཛིན་དགོས་པ་ལས། བརྙན་ཐུང་འཕྲིན་སྟེགས་ཀྱི་ཁུངས་མེད་གཏམ་འཆལ་ལ་ཡིད་ཆེས་མི་བྱེད་རོགས།
གཉིས། ས་དམར་ཉག་གའི་ལྗོངས་གཟིགས་ཤིང་ལམ་ད་དུང་ཨར་ལས་ཀྱི་རིམ་པ་ན་ཡོད་པས་གནས་སྐབས་སྒོ་རྒྱག་རྒྱུ་ཡིན།
ས་དམར་ཉག་ག་ནི་གཉན་པོ་གཡུ་རྩེ་ལ་ལྟ་བའི་ལྗོངས་གཟིགས་སྟེགས་བུ་གལ་ཆེན་ཞིག་ཡིན། དེར་མཁོ་བའི་ལྗོངས་གཟུགས་ཤིང་ལམ་ད་དུང་གསར་འཛུགས་ཀྱི་ཨར་སྐྲུན་ལས་རིམ་ན་ཡོད་པ་དང་། སྒྲིག་ཆས་ལ་ཡང་ད་དུང་རྩིས་བཤེར་ཐོབ་མེད་པས། གལ་ཏེ་སྐབས་འདིར་ས་དེར་བསྐྱོད་ན་བདེ་འཇགས་ལ་འགན་སྲུང་བྱེད་མི་ཐུབ། གནས་སྐབས་སུ་ཨར་ལས་དང་དགོས་ངེས་ཀྱི་དྲིལ་སྒྲོག་བརྙན་ལེན་ཀྱི་ལས་ཀ་མ་གཏོགས་དང་ལེན་མི་བྱེད་པས། ཡུལ་སྐོར་བས་ཤིང་ལམ་དང་ལྗོངས་གཟིགས་སྟེགས་བུའི་ས་ཁོངས་བརྒལ་ནས་ལྟ་སྐོར་བྱེད་མི་ཆོག ལས་གཞི་ཡོངས་ལེགས་འགྲུབ་བྱུང་ཞིང་བདེ་འཇགས་ལ་རྩིས་བཤེར་ཁས་ལེན་ཐོབ་རྗེས་སུ་སྒོ་འབྱེད་པའི་དུས་ཚོད་ལོགས་སུ་བརྡ་རྒྱག་རྒྱུ་ཡིན།
གསུམ། ཤ་ཚའི་དྲན་སྐུལ།
༡. རྣམ་པ་གང་རུང་གི་ལམ་ནས་གཉན་པོ་གཡུ་རྩེ་སྲུང་སྐྱོབ་ས་ཁོངས་སུ་བརྒལ་བའི་མྱུལ་ཞིབ་བྱེད་སྒོ་རིགས་སྒྲིག་འཛུགས་བྱེད་མི་རུང་ལ། སྒྲིག་འཛུགས་ཁྲོད་ཞུགས་ཀྱང་མི་ཆོག
༢. ཡུལ་སྐོར་གྱི་ལམ་ཐག་ཧྲིལ་བོར་ས་གནས་ཀྱི་མཚོན་རྟགས་དང་། ལས་བྱེད་མི་སྣའི་དོ་དམ་གཏན་འབེབས་ལ་བརྩི་སྲུང་བྱས་ཏེ། ཡ་རབས་ཚུལ་མཐུན་གྱི་ངང་ནས་ཡུལ་ལྗོངས་ལ་གཟིགས་ནས་མཐོ་སྒང་གི་སྐྱེ་ཁམས་ལ་གཅེས་སྲུང་བྱེད་དགོས།
༣. གལ་ཏེ་ཡུལ་སྐོར་གྱི་སྲིད་ཇུས་ཕྱོགས་དང་། ཚད་ལྡན་གྱི་ཡུལ་སྐོར་ལམ་ཐིག་སྐོར་རྩད་འདྲི་བྱེད་འདོད་ན། “གཅིག་སྒྲིལ་རིག་གནས་ཡུལ་སྐོར”གྱི་གཞུང་ཕྱོགས་སྐད་འཕྲིན་སྤྱི་རྟགས་ལ་དོ་ཁུར་བྱས་ན་གཞུང་ཕྱོགས་ཀྱི་ཆ་འཕྲིན་འབྱོར་ཐུབ་བོ། །
གཅིག་སྒྲིལ་རྫོང་རིག་གནས་ཡུལ་སྐོར་རླུང་བརྙན་འཕྲིན་ཅུས།
2026ལོའི་ཟླ7ཚེས28ཉིན།