ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བའི་བརྙན་རིས་བཀོད་གཏོང་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས28ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བའི་བརྙན་རིས་བཀོད་གཏོང་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞོད་འགོད་གནོད་སྐྱོབ་བྱ་བའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་པ་དང་།   ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱི་བྱ་བའི་བླང་བྱ་ལྟར། ཞོད་འགོག་གནོད་འཕྲི་གནོད་སྐྱོབ་བྱ་བར་ཡང་བསྐྱར་བཀོད་སྒྲིག་དང་ཡང་བསྐྱར་བཀོད་གཏོང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཀྲང་ཅིན་ཀང་གིས་འགོ་འཛིན་བྱས། 

གྲོས་ཚོགས་སྟེང་།  ལུའོ་ཏུང་ཁྲོན་གྱིས་བརྙན་ལམ་བརྒྱུད་དེ་རྫོང་དང་ཆུས་གཙོ་བོའི་འགོག་ཟོན་བཀོད་སྒྲིག་དང་འཕྲལ་བསྟུན་གྲ་སྒྲིག་བྱ་བར་རེ་རེ་བཞིན་བཀོད་གཏོང་བྱས་པ་དང་།  ཞིང་ཆེན་གནམ་གཤིས་ཅུས་དང་ཞིང་ཆེན་ཆུ་བེད་ཐིང་།  ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་ལ་ཉན།  ཁོས་མིག་སྔར་རང་ཞིང་ཞོད་འགོག་གི་གནད་འགག་དུས་སྐབས་སུ་གནས་ཡོད་པ་དང་།   སྐོར་རྗེས་མའི་དྲག་ཆར་གྱི་རྒྱུན་མཐུད་དུས་ཡུན་རིང་བ་དང་རིམ་རྩིས་བྱས་ན་ཆར་འབབ་ཚད་ཆེ་ལ། དུས་ཐུང་གི་ཤུགས་ཚད་དྲག་པ་དང་། ཆུ་ལོག་དང་ས་གཤིས་གནོད་འཚེ།  མཁར་གྲོང་ནང་དུ་ཞོད་སྐྱོན་སོགས་ཀྱི་ཉེན་ཁ་འབྱུང་སླ་བས།   ཞིང་ཆེན་ཡོངས་ཀྱི་ཞོད་འགོག་གནས་བབ་ཛ་དྲག་དང་རྙོག་འཛིང་ཆེ།  དེ་བས།   ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཚད་མཐའི་བསམ་ཕྱོགས་བརྟན་པོར་ཆགས་པར་བྱེད་པ།  ཉེ་དུས་ཀྱི་དོན་རྐྱེན་དང་གནོད་འཚེའི་བསླབ་བྱ་བསྡུ་ལེན་ཟབ་མོ་བྱེད་པ།  ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོར་འཁུར་བ་དང་བྱ་བ་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་འཇགས་ལ་སྲུང་སྐྱོང་ལེགས་པོ་བྱེད་དགོས་ཞེས་བསྟན།

ལུའོ་ཏུང་ཁྲོན་གྱིས་བསམ་བློའི་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་།  བློ་བརྟན་འགྱུར་མེད་སྒོས་མི་སྐྲག་པ་གསུམ་སོགས་བསྒྲུབ་ཐུབ་པར་བྱེད་པ།   ལྷོད་གཡེང་གི་བསམ་བློ་མེད་པར་བྱེད་པ་བཅས་བྱས་ཏེ་འགོག་ཟོན་བྱེད་ཐབས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་གནོད་འཚེ་འབྱུང་བའི་གཏན་འཁེལ་མེད་པའི་རང་བཞིན་ལ་ནུས་ལྡན་ངང་ཁ་གཏད་འཇལ་དགོས།   ལྟ་ཞིབ་ཚད་ལེན་སྔོན་བརྡ་སྔར་ལས་གཏན་འཁེལ་ཡོང་བར་བྱེད་པ་དང་།   ཆར་བ་འབབ་པའི་གནས་ཚུལ་དང་ཞོད་འགོག་གནས་ཚུལ་གྱི་ཞིབ་འཇུག་གྲོས་མོལ་ལ་ཤུགས་སྣོན་པ།  ལྟ་ཞིབ་ཚད་ལེན་གྱི་ཐེངས་གྲངས་ཇེ་མང་དུ་གཏོང་བ་དང་དུས་ཐུང་སྔོན་བརྡའི་གནད་འཁེལ་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ།  དོ་དམ་བྱེད་ཐབས་ནན་མོ་ཡོང་བ་བཅས་བྱས་ཏེ་གཞི་རིམ་གྱི་ཆ་འཕྲིན་བརྒྱུད་སྤྲོད་ཐབས་ལམ་གེགས་མེད་ཡོང་བར་བྱེད་དགོས།  མངོན་མེད་རྐྱེན་ངན་གྱི་གྲལ་བཤེར་ལ་སྔར་ལས་ཤུགས་བསྣན་ཏེ་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྱི་གནས་དང་། ཆུ་མཛོད་དང་ཆུ་གློག་ས་ཚིགས།   གཞུང་ལམ་དང་ལྕགས་ལམ་གྱི་འགྲམ་རྒྱུད། དབྱར་དུས་ཀྱི་ཕྱུགས་ར་སོགས་གནས་གཙོ་བོར་དམིགས་ནས་ཡང་བསྐྱར་ལེབ་བཤེར་བྱས་ཏེ་ཞོར་སྐྱོན་གནོད་འཚེ་སྣ་ཚོགས་འབྱུང་བར་སྔོན་འགོག་བྱེད་དགོས། གནས་སྤོར་ཉེན་གཡོལ་བྱ་བ་སྔར་ལས་ལེགས་པོར་བསྒྲུབ་པ་དང་།   ཞོད་འགོག་ཉེན་གཡོལ་གྱི་ལྔ་ཅན་ལྔའི་བྱ་བའི་བྱེད་ཐབས་བེད་སྤྱོད་ལེགས་པོ་བྱེད་པ།  ཁྱིམ་ཚང་གཅིག་དང་མི་གཅིག་ཀྱང་ལུས་པ་མེད་པར་འགན་སྲུང་བྱེད་པ།   བདེ་འཇགས་བཀོད་སྒྲིག་ལ་འགན་ལེན་བཅས་བྱས་ཏེ་ཤི་རྨས་ཚབས་ཆེན་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས།  འཕྲལ་བསྟུན་འགན་ལེན་སྔར་ལས་ཇེ་དྲག་ཏུ་བཏང་སྟེ་དངོས་ཟོག་སྟོབས་ཤུགས་གྲ་སྒྲིག་དང་ཉེན་སྐྱོབ་སྟོབས་ཤུགས་སྔོན་ལ་བཀོད་སྒྲིག གནོད་རྗེས་རོགས་སྐྱོབ་རྗེས་འདེད་བཅས་ལ་གཅིག་འདོམས་ལེགས་པོ་བྱས་ནས་བརྩེ་སེམས་ལྡན་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས། ཞོད་འགོག་འགན་འཁྲི་སྔར་ལས་ནན་དཀྲི་བྱེད་པ་དང་།   ཚན་རིག་དང་མཐུན་ཞིང་ནུས་ལྡན་ངང1235ཞོད་འགོག་བཀོད་འདོམས་རྐྱེན་སྲོལ་འཁོར་སྐྱོད་བྱེད་པ། ཆུ་ཚོད་ཉེར་བཞིའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ལས་རེས་བྱེད་པ་དང་ཆེད་ལས་མི་སྣས་ལས་རེས་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་སྒོས་ཞོད་འགོག་གནོད་འཕྲི་གནོད་སྐྱོབ་ཀྱི་རང་འགུལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་ཞེས་ནན་གྱིས་བསྟན།

ལིའུ་ཐའོ་དང་ཁྲིན་ཅི་ཝེ་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།