རྒྱལ་ཡོངས་མཐོ་སྒང་སྲོལ་རྒྱུན་རོལ་དབྱངས་ཞབས་བྲོའི་རིག་གནས་སྤེལ་རེས་སྐབས་གསུམ་པ་དང་རིག་གནས་བརྗེ་རེས་བྱེད་སྒོ་ཧུའུ་ཀྲུའུ་རུ་ཚོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

​ཟླ7ཚེས26ཉིན། རྒྱལ་ཡོངས་མཐོ་སྒང་སྲོལ་རྒྱུན་རོལ་དབྱངས་ཞབས་བྲོའི་རིག་གནས་བརྗེ་རེས་སྐབས་གསུམ་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་གཟུགས་འདས་དམངས་གཞས་བརྗེ་རེས་ཚོགས་འདུ་སྐབས་གཉིས་པ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་ཚོགས། ཚོགས་འདུ་དེ་མཚོ་སྔོན་དགེ་འོས་སློབ་ཆེན་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་པེ་ཅིན་དགེ་འོས་སློབ་ཆེན་གྱི་མཐོ་སྒང་ཚན་རིག་དང་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་ཁང་དང་། ཀྲུང་གུང་ཧུའུ་ཀྲུའུ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་རོལ་དབྱངས་སློབ་གླིང་དང་། མཚོ་སྔོན་ས་གནས་དམངས་ཁྲོད་རོལ་དབྱངས་ཞིབ་འཇུག་ལྟེ་གནས་ཀྱིས་འགན་སྒྲུབ་བྱས། ཞིང་ཆེན11ནས་ཡོང་བའི་ཆེད་མཁས་དང་ཞིབ་འཇུག་པ50ལྷག་ཙམ་དང་། འབུམ་རམས་པ་དང་ཤེས་རམས་པའི་ཞིབ་འཇུག་སློབ་མ། དེ་བཞིན་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་ཅན་གྱི་རྒྱུན་འཛིན་པ་མཉམ་འཛོམས་བྱས་ཏེ། མཐོ་སྒང་རོལ་དབྱངས་ཞབས་བྲོ་དང་རྨ་ཆུའི་འབབ་རྒྱུད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གླུ་གཞས་སྲུང་སྐྱོང་རྒྱུན་འཛིན་དང་། རིག་གཞུང་ཞིབ་འཇུག་དང་གསར་གཏོད་འཕེལ་རྒྱས་ལ་དམིགས་ནས་ཞིབ་བསྡུར་བྱས།

ཚོགས་འདུའི་ཐོག་ཀྲུང་དབྱང་རོལ་དབྱངས་སློབ་གླིང་དང་། ཧི་ནན་སློབ་ཆེན། སི་ཁྲོན་རོལ་དབྱངས་སློབ་གླིང་། ཧྲན་ཞི་སློབ་ཆེན། ཧྲན་ཏུང་དགེ་འོས་སློབ་ཆེན། ནང་སོག་དགེ་འོས་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་ནས་ཡོང་བའི་ཞིབ་འཇུག་པ་དང་དགེ་རྒན་ཆེན་མོ་སོ་སོས་མི་རིགས་རོལ་དབྱངས་གསར་རྩོམ་དང་། ཧྭ་ཨར་རིག་གནས། སྒྲ་མང་དམངས་གླུ། གླུ་དབྱངས་གདེང་འཇོག་མ་ལག ། གཟུགས་འདས་སློབ་གསོ་མཉམ་འདྲེས། སོག་རྒྱ་རོལ་དབྱངས་མཉམ་འདྲེས་སོགས་ཀྱི་གྲོས་དོན་སྐོར་སྙན་ཞུ་ཕུལ། མཚོ་སྔོན་མི་རིགས་སློབ་ཆེན་དང་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོས་ཀྱང་མཚོ་སྔོན་གྱི་རོལ་དབྱངས་ཞབས་བྲོ་དང་དེ་བཞིན་གྲངས་འཛིན་ལག་རྩལ་རྒྱུན་འཛིན་ལ་དམིགས་ནས་གཏམ་བཤད་གནང་།

ཚོགས་ཞུགས་ཆེད་མཁས་པ་དང་ཞིབ་འཇུག་པས་ད་དུང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་། སྒྱུ་རྩལ་སློབ་གསོ་གཞན་སྒྱུར། གྲངས་འཛིན་ལག་རྩལ་གྱི་ནུས་སྤྲོད་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་སོགས་ཀྱི་གྲོས་དོན་ལ་དམིགས་ནས་བརྗེ་རེས་བྱས། ཚང་མས་མཐོ་སྒང་ས་ཁུལ་གྱི་སྲོལ་རྒྱུན་རོལ་དབྱངས་ཞབས་བྲོའི་རིག་གནས་དང་རྨ་ཆུའི་འབབ་རྒྱུད་ཀྱི་གཟུགས་འདས་ཤུལ་བཞག་དམངས་གཞས་ནི། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་དང་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས། ས་ཁོངས་ལས་བརྒལ་བ་དང་རིག་གཞུང་ཚན་ཁག་ལས་བརྒལ་བའི་མཉམ་སྡེབ་ཞིབ་འཇུག་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རིག་གཞུང་སྤེལ་རེས་དང་ཐོན་ཁུངས་མཉམ་སྤྱོད་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་དགོས་ཞེས་བསྟན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།