ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་རྒྱས་འཛོམས་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ7པའི་ཚེས27ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་རྒྱས་འཛོམས་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ། ལོ་སྟོད་ཀྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་བབ་ལ་དབྱེ་ཞིབ་དང་། ལོ་སྨད་ཀྱི་གཙོ་གནད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཧུར་ཐག་གིས་མཉམ་འདྲེས་དང་དེར་ཞབས་འདེགས་ཞུས་པར་མ་ཟད། དཔལ་འབྱོར་འཁོར་སྐྱོད་དེ་བརྟན་ཐོག་ཡར་འཕེལ་དང་གནོད་ཐེག་སྤུས་འདེགས་ཀྱི་གནས་བབ་ལེགས་ཤོས་མངོན་ཡོད་སྟབས། དུས་ལྟར་ལས་འགན་ཕྱེད་ཀ་ལེགས་འགྲུབ་བྱུང་བའི་དམིགས་འབེན་མངོན་འགྱུར་བྱུང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གྲུབ་འབྲས་གསར་བ་བླངས་ཡོད། ལོ་སྨད་ནི་ལོ་ཧྲིལ་བོའི་དམིགས་འབེན་ལ་རྒྱལ་ཁ་ལེན་པའི་གནད་འགག་གི་དུས་སྐབས་ཡིན་ལ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྨང་འདིང་ནུས་གསོག་གི་འགག་རྩའི་དུས་སྐབས་ཡིན། རང་ཞིང་གི་དཔལ་འབྱོར་དང་ཁེ་ལས་ལེགས་ཕྱོགས་སུ་འཕེལ་བའི་རྨང་གཞི་སྔར་བཞིན་བརྟན་པོ་མིན་པས། སྔར་ལས་ཡིད་ཆེས་བརྟན་གཏོང་དང་དཔའ་སྐྱེད་མདུན་སྐྱོད་བྱེད་དགོས་ལ། དུས་ཚིགས་གསུམ་པ་དང་ལོ་སྨད་ལ་འབད་བརྩོན་ཆེན་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་བོའི་གཏན་འཁེལ་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ཆེད་དམིགས་འཆར་འགོད་སྣ་ཚོགས་ལ་གཞིགས་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་དེ་ཁྲིད་སྟོན་དུ་བྱས་ནས། རྒྱང་ལྟའི་འཆར་འགོད་དང་གནད་འཁེལ་བཀོད་སྒྲིག་བྱེད་པ་དང་། འཕེལ་རྒྱས་ཀྱི་ངར་ཤུགས་བསྐྱེད་པར་བྱེད་དགོས། རྒྱལ་ཁབ་ཀྱི་དྲ་རྒྱ་དྲུག་དང་གྲོང་ཁྱེར་གསར་སྒྱུར་སོགས་སྲིད་ཇུས་ཀྱི་གོ་སྐབས་ལ་དམ་པོར་དམིགས་པ་དང་། ཐོན་ལས་ཀྱི་གནས་བཞི་དང་ལྗང་མདོག་རྩིས་ནུས། རྒྱུ་ཆ་གསར་བ་དང་ལག་རྩལ་གསར་བ་སོགས་གཙོ་གནད་ཁྱབ་ཁོངས་ལ་གཞིགས་ནས། ལས་གཞི་གལ་ཆེན་གྱི་འདེགས་སྐྱོར་དང་ཐོན་ལས་མུ་ཕྲེང་གི་གནད་འཁེལ་ཚོང་འགུག་ལ་ཤུགས་སྣོན་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་དངུལ་གཏོང་བརྟན་པོ་དང་དེར་སྐུལ་འདེད་གཏོང་དགོས།  ཞབས་ཞུའི་འཛད་སྤྱོད་ཀྱི་སྤུས་འདེགས་དམངས་ཕན་འགུལ་སྐྱོད་བསྟུད་མར་ཟབ་སྤེལ་བྱེད་པ་དང་། ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཁམས་གསོ་བཅས་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་སྟེ། འཛད་སྤྱོད་དང་ཞབས་ཞུའི་ལས་རིགས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། བཟོ་ལས་ཅུང་མྱུར་མོས་འཕེལ་རྒྱས་འགྲོ་བའི་གནས་བབ་སྲ་བརྟན་གཏོང་བ་དང་། གཞི་ཁྱོན་ཡན་གྱི་ཁེ་ལས་ཧུར་ཐག་གིས་སྐྱེད་སྲིང་བྱེད་པ། ཞབས་ཞུའི་གཙོ་གནད་ལས་རིགས་རང་འགུལ་གྱིས་འཕེལ་རྒྱས་བཏང་ནས། མུ་ཕྲེང་བསྲིངས་པ་དང་ཁ་སྣོན། སྟོབས་ལྡན་བཅས་ཀྱི་ལས་གཞི་སྐོར་ཞིག་དོན་ཐོག་ཏུ་འཁྱོལ་བར་བརྩོན་ལེན་བྱེད་དགོས།

ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་མུ་ཕྲེང་སྟོབས་ལྡན་དུ་སྤེལ་བ་དང་། ཞིང་སྦྲེལ་ཞིང་ཁྲིད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་ཕྱུགས་ལས་ཀྱི་ཚོང་གཉེར་བྱེད་པོ་སྔར་ལས་སྐྱེད་སྲིང་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་དགོས། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་དང་ལས་ཆོད་མཐོན་པོས་དོན་དག་གཅིག་བསྒྲུབ་པའི་བཅོས་སྒྱུར་ལ་སྔར་ལས་སྐུལ་འདེད་གཏོང་དགོས་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་རྐྱེན་སྲོལ་བེད་སྤྱོད་ལེགས་པོ་བྱས་ཏེ། གནས་ཡུལ་གསར་བའི་གཞི་ཁྱོན་ཅན་གྱི་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། དགེ་མཚན་ཐོན་ལས་ཕྱིར་གཏོང་བསྟུད་མར་རྒྱ་བསྐྱེད་དགོས།  ཚོང་གཉེར་ཁོར་ཡུག་བསྟུད་མར་ལེགས་སྒྱུར་བྱེད་པ་དང་། མི་མངོན་པའི་རང་བཞིན་གྱི་བཀག་རྒྱ་སྣ་ཚོགས་མཐའ་གཅིག་ཏུ་སེལ་ཐབས་བྱས་ནས། ཁེ་ལས་ལ་ཕན་པའི་སྲིད་ཇུས་ཐད་ཀར་སྐྱེལ་བ་དང་མྱུར་མོར་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ། ཚོང་གཉེར་བྱེད་པོ་མི་འདྲ་བས་མཚོ་སྔོན་དུ་སེམས་བདེ་མོས་དངུལ་གཏོང་བྱེད་པ་དང་། བློ་སྐྱིད་པོས་ཚོང་གཉེར་བྱེད་པ། ཡིད་སྤྲོ་བས་ལས་གཏོད་བཅས་བྱེད་དུ་འཇུག་དགོས།

གྲོས་ཚོགས་ལས་ད་རུང་རྫོང་ཁོངས་དཔལ་འབྱོར་དང་ཐོན་ལས་གླིང་ཁུལ། གནོད་འགོག་གནོད་སེལ་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བྱ་བའི་ཐད་བླང་བྱ་གསལ་བོ་བཏོན། གསར་དར་གྲོང་རྡལ་ཅན་དང་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་དམིགས་ནས། དབྱི་ཝུའུ་འཕེལ་རྒྱས་ཉམས་མྱོང་དཔེ་ལྟོས་སློབ་སྦྱོང་བྱེད་པ་དང། དགེ་མཚན་ཚུལ་སྒྱུར་ལ་རྐང་བཙུགས་ཏེ།  སོ་སོའི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དགོས། གསར་སྤེལ་ཁུལ་གྱི་ལེགས་སྒྲིག་ལེགས་བཅོས་བྱ་བ་བསྟུད་མར་ལེགས་པོར་བསྒྲུབ་པ་དང་། བཅོས་སྒྱུར་གྱི་ནུས་པ་བཏོན་ནས། ཐོན་ལས་ཀྱི་འགྲན་རྩོད་ནུས་ཤུགས་དང་ཐེག་ནུས་མཐོར་འདེགས་གཏོང་དགོས། བག་གཡེང་བསམ་བློ་དང་སྟེས་དབང་བསམ་ཚུལ་མཐའ་གཅིག་ཏུ་སེལ་ཐབས་བྱེད་པ་དང་། རིམ་པ་སོ་སོའི་ཞོད་འགོག་གནོད་སེལ་དང་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དངོས་འབེབས་བྱས་ཏེ། བྱེད་ཐབས་སྣ་ཚོགས་དམ་འཛིན་ནན་མོ་བྱེད་པ་དང་། བདེ་འཇགས་དོན་རྐྱེན་ཚབས་ཆེན་དང་ཧ་ཅང་ཚབས་ཆེན། མི་མང་པོ་ཤི་བ་དང་རྨས་ཕོག་པའི་གནས་ཚུལ་མི་འབྱུང་བའི་བདེ་འཇགས་ཚད་མཐའ་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས།

གྲོས་ཚོགས་ལས་ལོ་སྟོད་ཀྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་དབྱེ་ཞིབ་དང་ལོ་སྨད་ཀྱི་གཙོ་གནད་བྱ་བའི་བྱེད་ཐབས་ཀྱི་གྲོས་གཞིར་ཉན། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ་དང་། ཞིང་ཆེན་གྱི་ས་གནས་དངུལ་རྩའི་དོ་དམ་ཅུས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་བཅས་ཀྱི་མི་སྣས་རིམ་པ་བཞིན་གཏམ་བཤད།

གྲོས་ཚོགས་བརྙན་རིས་ཀྱི་རྣམ་པས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་ལ། གྲོང་ཁྱེར་དང་ཁུལ། རྫོང་བཅས་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།