ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྣང་བརྙན་གསོན་པོ་ཞེས་པའི་དྲ་རྒྱའི་གྲགས་ཅན་མི་སྣ་མཚོ་སྔོན་དུ་བསྐྱོད་པའི་བྱེད་སྒོ་ཟི་ལིང་དུ་སྤེལ་མགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས27ཉིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྣང་བརྙན་གསོན་པོ་ཞེས་པའི་དྲ་རྒྱའི་གྲགས་ཅན་མི་སྣ་མཚོ་སྔོན་དུ་བསྐྱོད་པའི་བྱེད་སྒོ་ཟི་ལིང་དུ་དངོས་སུ་སྤེལ་མགོ་བརྩམས། ཐེངས་འདིའི་བྱེད་སྒོ་དེ་ཀྲུང་དབྱང་དྲ་འཕྲིན་གཞུང་སྒྲུབ་ཁང་གི་དྲ་རྒྱའི་སྤྱི་ཚོགས་ལས་དོན་ཅུས་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་གིས་མཉམ་འབྲེལ་གྱིས་གཙོ་སྒྲུབ་བྱས་ཤིང་། དེའི་དམིགས་ཡུལ་ནི་དྲ་རྒྱའི་གྲགས་ཅན་མི་སྣའི་བརྒྱུད་སྒྲོག་གི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཕྱོགས་ཡོངས་རྣམ་པས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཡུར་ཟའི་གྲུབ་འབྲས་མངོན་ནས། ཧུར་བརྩོན་ཡར་སྐྱེད་ཀྱི་དྲ་རྒྱའི་དྲང་ནུས་བརྒྱུད་སྒྲོག་བྱ་ཆེད་རེད།

དྲ་རྒྱའི་གྲགས་ཅན་མི་སྣའི་འཐུས་ཚབ་དགེ་རྒན་ཆེན་མོ་ཧོང་རི་ཧན་གྱིས་བཤད་རྒྱུར། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྲུང་སྐྱོབ་དང་དག་གཙང་ནུས་ཁུངས། ལྗང་མདོག་རྩིས་ནུས། གསོན་ཉམས་ལྡན་པའི་དེང་རབས་ཅན། མི་རིགས་མཐུན་སྒྲིལ་བརྗེ་རེས་མཉམ་འདྲེས་བཅས་བྱས་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲེལ་བཤད་ལེགས་པོ་དེ་ཡིན། ངས་རང་གི་མིག་དང་བརྙན་མིག་ལ་བརྟེན་ནས་དངོས་ཡོད་དང་ལངས་གཟུགས། གསོན་ཉམས་ཅན་བཅས་ཀྱི་མཚོ་སྔོན་ཟིན་ཐོར་འགོད་པར་མ་ཟད། དེ་དང་འབྲེལ་བའི་གཏམ་རྒྱུད་ཚང་མ་ངའི་སློབ་བུ་རྣམས་དང་བརྙན་མིག་མདུན་གྱི་དྲ་གྲོགས་ཚོར་ཉན་དུ་འཇུག་རྒྱུ་ཡིན།

ཐེངས་འདིའི་བྱེད་སྒོའི་དུས་ཡུན་ཉིན་ལྔ་ཡིན་ལ། ཞིང་ཆེན་ཕྱི་ནང་གི་དྲ་རྒྱའི་གྲགས་ཅན་མི་སྣའི་འཐུས་ཚབ་དང་སྨྱན་བྱད་ཀྱི་གསར་འགོད་པ་སུམ་ཅུ་ཟི་ལིང་དང་མཚོ་ཤར། རྨ་ལྷོ་སོགས་སུ་སོང་ནས། ཡུལ་དངོས་སུ་རྒྱལ་ཁོངས་ལྗང་སྒྱུར་དཔེ་སྟོན་ས་ཚིགས་དང་ནན་ཁྲོན་རྒྱལ་ཁབ་རིམ་པའི་ཐཱན་མེད་གླིང་ཁུལ། རྨ་ཆུའི་སྐྱེ་ཁམས་ཁྱམས་ར། ཁྱད་ལྡན་མི་རིགས་གྲོང་གསེབ། རེབ་གོང་སྒྱུ་རྩལ་རྒྱུན་འཛིན་རྟེན་གཞི་སོགས་ལ་བཅར་འདྲི་རྟོག་ཞིབ་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་ཚུལ་སྒྱུར། མི་རིགས་མཐུན་སྒྲིལ། རིག་གནས་རྒྱུན་འཛིན་སོགས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། དུས་རབས་གསར་བར་མཚོ་སྔོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐྱེ་སྟོབས་ཀྱི་ཉམས་དང་རྣམ་པ་གསར་བ་མངོན་པར་བྱ་རྒྱུ་རེད། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།