ཟླ7པའི་ཚེས27ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་གཞོན་ནུ་ལོ་ཆུང་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཁྱད་ལྡན་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཆེད་དོན་དགེ་རྒན་རིམ་པའི་གསོ་སྦྱོང་འཛིན་གྲྭའི་མཛད་སྒོ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་སྤེལ། ཡུས་ཧྲུའུ་ས་ཁུལ་ནས་ཡོང་བའི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རྐང་འཛིན་དགེ་རྒན21དུས་ཡུན་ཉིན་བཞིའི་གཅིག་སྡུད་ཆེད་དོན་གསོ་སྦྱོང་ནང་ཞུགས་ནས་བརྒྱུད་རིམ་ཅན་དང་ཆེད་ལས་ཅན་གྱི་སློབ་ཁྲིད་བརྒྱུད་གཞི་རིམ་སློབ་གྲྭའི་རྐང་རྩེད་སྤོ་ལོའི་སློབ་ཁྲིད་དང་། སྦྱོང་བརྡར། འགྲན་བསྡུར་སློབ་ཁྲིད་བཅས་ཀྱི་ཕྱོགས་བསྡུས་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་བྱུང་།
ཐེངས་འདིའི་གསོ་སྦྱོང་ནི་རང་ཞིང་གིས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་དར་རྒྱས་དང་འཕེལ་རྒྱས་ཀྱི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་དང་། ལུས་རྩལ་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱེད་པ། གཞི་རིམ་གྱི་རྐང་རྩེད་སྤོ་ལོའི་དགེ་རྒན་གྱི་ཞན་ཆ་གསབ་པ། གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་རྗེས་གྲབས་ཤེས་ལྡན་མི་སྣའི་རུ་ཁག་འཛུགས་སྐྱོང་སྲ་བརྟན་དུ་གཏོང་བ་བཅས་ཀྱི་དམ་འཛིན་བྱེད་ས་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་སློབ་ཁྲིད་མ་ལག་ཚད་ལྡན་དུ་གཏོང་བ་དང་། འགྲན་རའི་དར་སྲོལ་ཇེ་ལེགས་སུ་གཏོང་བ། གཞི་རིམ་གྱི་མི་སྣ་གསོ་སྐྱོང་དང་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན།
ཐེངས་འདིའི་གསོ་སྦྱོང་ནང་ཆུ་ཚད་མཐོ་བའི་ཆེད་ལས་འཆད་ཁྲིད་དགེ་རྒན་ཚོགས་པ་གདན་དྲངས་ནས་སློབ་ཁྲིད་བྱས་པ་དང་། སློབ་ཚན་དེ་གཞི་རིམ་སློབ་གྲྭའི་རྐང་རྩེད་སྤོ་ལོའི་སློབ་ཁྲིད་ཀྱི་དོན་དངོས་དང་། གཞོན་ནུའི་སྦྱོང་བརྡར་གྱི་ཚན་རིག་དང་མཐུན་པའི་ཐབས་ཤེས། སློབ་ཁང་ཚད་ལྡན་དོ་དམ། འགྲན་བསྡུར་སྒྲིག་འཛུགས་དང་འགྲན་བསྡུར་བྱེད་སྟངས་དང་སྒྲིག་ལམ་འཛུགས་སྐྱོང་སོགས་གཙོ་གནད་ནང་དོན་བཀོད་སྒྲིག་བྱས་ཡོད་ལ། གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་དཔྱད་ཞིབ་ལམ་སྲོལ་ནན་མོ་ལག་བསྟར་བྱས་ནས་དཔྱད་ཞིབ་ཚད་ལོན་སློབ་མར་གཞུང་ཕྱོགས་ཀྱི་ཁས་ལེན་དཔང་ཡིག་ཆེད་དོན་གསོ་སྦྱོང་ལག་ཁྱེར་སྟེར་རྒྱུ་ཡིན་པས། སློབ་སྦྱོང་ལ་འབྲས་བུ་ཡོད་པ་དང་། སྦྱོང་བརྡར་ལ་གྲུབ་འབྲས་ཐོབ་པ། སྦྱངས་པ་སྤྱོད་གོ་ཆོད་པར་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྤྱི་འདོམས་དང་སྐུལ་འདེད་བཏང་ནས་རིམ་པ་དབྱེ་བ་དང་ས་ཁོངས་དབྱེ་བ། སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཆེད་དོན་དགེ་རྒན་རེས་མོས་སྦྱོང་བརྡར་བཅས་ཀྱི་བྱ་བ་རྒྱུན་རྣམ་ཅན་དུ་སྤེལ་ཏེ་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་ཁག་གི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་དགེ་རྒན་གྱི་སྟོབས་ཤུགས་ལེགས་སྒྱུར་དང་། གཞི་རིམ་གྱི་གཞོན་ནུ་ལོ་ཆུང་གི་གསོ་སྦྱོང་ཐད་ཀྱི་མི་འདང་ས་ཁ་གསབ་བྱ་རྒྱུ་རེད།