ཞིང་ཆེན་ཕྱིའི་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་རང་བཞིན་གྱི་ཁྱད་པར་བའི་ནད་གཞིའི་འགྲོ་གྲོན་ངོས་འཛིན་གྱི་དཀའ་གནད་སེལ་ཆེད། མཚོ་ཤར་གྲོང་ཁྱེར་གྱིས་ཉིན་འགའི་སྔོན་ལ“ས་ཆ་གཞན་དུ་སྨན་བཅོས་བྱེད་པ་དང་ས་གནས་དེ་གར་ཚབ་སྒྲུབ་བྱེད་པའི”དམངས་ཕན་སྲིད་ཇུས་གསར་པ་ཞིག་བཏོན། དེས་ས་ཆ་གཞན་དུ་སྨན་བཅོས་བྱེད་མཁན་མང་ཚོགས་ཀྱིས་ནད་ཐོའི་དཔྱད་ཡིག་ཆ་ཚང་འཁྱེར་ནས་འགན་བཅོལ་ནང་ཞུགས་ཡུལ་དུ་ཕྱིར་ལོག་སྟེ། དམིགས་འཛུགས་བྱས་པའི་སྨན་ཁང་དུ་ངོས་འཛིན་རེའུ་མིག་གསབ་འབྲི་བྱེད་དགོས་པ་དེ། ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པར་སྨན་བཅོས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་ཐུབ། ཟླ7པའི་ཚེས21ཉིན་བར་དུ། མཚོ་ཤར་གྲོང་ཁྱེར་གྱིས་བསྡོམས་པའི་མི་ཐེངས266ལ་འབྲེལ་ཡོད་ཀྱི་ལས་སྒོའི་འགྲོ་ལུགས་སྒྲུབ་ཡོད།
རྒྱུས་ལོན་པ་ལྟར་ན། དེ་སྔོན་མཚོ་ཤར་གྲོང་ཁྱེར་གྱི་འགན་བཅོལ་ནང་ཞུགས་མཁན་གྱིས་ཞིང་ཆེན་གཞན་དུ་སྨན་བཅོས་བྱས་ནས་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་རང་བཞིན་གྱི་ཁྱད་པར་བའི་ནད་གཞིའི་འགྲོ་གྲོན་ངོས་འཛིན་གཏན་འཁེལ་བྱས་རྗེས། གལ་ཏེ་ནད་ལ་སྟོན་སའི་སྨན་བཅོས་སྒྲིག་གཞིས《མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་རང་བཞིན་གྱི་ཁྱད་པར་བའི་ནད་གཞིའི་འགྲོ་གྲོན་ངོས་འཛིན་གཏན་འཁེལ་རེའུ་མིག》བྲིས་མེད་ཚེ། རྒྱུན་ལྡན་ལྟར་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་བྱེད་ཐབས་བྲལ་བ་དང་། མང་ཚོགས་ཡང་བསྐྱར་ཞིང་ཆེན་གཞན་གྱི་སྨན་ཁང་དུ་བསྐྱོད་དེ་འགྲོ་ལུགས་ཁ་གསབ་བྱེད་དགོས་པས། དུས་ཚོད་དང་ནུས་ཤུགས་ཟད་གྲོན་ཆེ་བ་དང་ལས་སྒྲུབ་ཀྱི་མ་རྩ་ཅུང་མཐོ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་འདིར་དམིགས་ནས། མཚོ་ཤར་གྲོང་ཁྱེར་གྱིས“ས་གནས་ཀྱིས་ཚབ་སྒྲུབ”ཞབས་ཞུ་བཏོན་པ་སྟེ། འགན་བཅོལ་ནང་ཞུགས་མཁན་གྱིས་རང་ཞིང་གི་ངོས་འཛིན་ཚད་གཞི་དང་མཐུན་པའི་ནད་ཐོའི་དཔྱད་ཡིག་ཆ་ཚང(ཞིང་ཆེན་གཞན་དུ་སྨན་བཅོས་བྱས་པའི་ནད་ཐོ་དང་། ཞིབ་བཤེར་བརྟག་དཔྱད་སྙན་ཞུ། ནད་དཔྱད་དཔང་ཡིག་སོགས)འདོན་སྤྲོད་བྱས་ཚེ། འགན་བཅོལ་ནང་ཞུགས་ཡུལ་དུ་འགྲོ་གྲོན་ངོས་འཛིན་གྱི་འགྲོ་ལུགས་སྒྲུབ་ཆོག་པ་དང་། ཞིང་ཆེན་གཞན་དུ་འགྲོ་ལུགས་གསབ་སྒྲུབ་བྱེད་དུ་འགྲོ་མི་དགོས་པས་དངོས་གནས་མང་ཚོགས་ཀྱི་ཁུར་པོ་ཇེ་ཡང་དུ་བཏང་།
མིག་སྔར། མཚོ་ཤར་གྲོང་ཁྱེར་གྱིས་མངའ་ཁུལ་གྱི་གཏན་འཁེལ་ཐོབ་ཐང་ལྡན་པའི་གནས་ཐིག་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི10ཚབ་སྒྲུབ་བྱ་ཡུལ་དུ་དམིགས་འཛུགས་བྱས་པ་དང་། འགན་བཅོལ་ནང་ཞུགས་མཁན་གྱིས་ཐོབ་ཐང་ལག་ཁྱེར་དང་སྤྱི་ཚོགས་འགན་བཅོལ་བྱང་བུ། དེ་བཞིན་འབྲེལ་ཡོད་སྨན་བཅོས་ཡིག་ཆ་འཁྱེར་ནས་འགྲོ་ལུགས་སྒྲུབ་ཆོག་པ་དང་། སྨན་ཁང་གིས་ཞིང་ཆེན་ཕྱིའི་སྨན་བཅོས་ནད་ཐོའི་དཔྱད་ཡིག་གཞིར་བཟུང་ནས་ཞིབ་བཤེར་གཏན་འཁེལ་བྱེད་དགོས་པ་མ་ཟད་ངོས་འཛིན་གཏན་འཁེལ་རེའུ་མིག་གསབ་འབྲི་བྱས་ཚེ། “ཆེས་མང་ན་ཡང་ཐེངས་གཅིག་མ་གཏོགས་རྒྱུག་མི་དགོས་པ”མངོན་འགྱུར་བྱས།