དབྱར་ཚུགས་པ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུས་ཀྱིས་ལྗོངས་ཡོངས་ཡུལ་སྐོར་གྱི་ཉེན་རྟོག་ལས་དོན་སྒྲུབ་པ་ལ་བརྟེན་ནས། “མཚོ་བྱང་སྲུང་སྐྱོང”གི་དབྱར་དུས་ཆེད་དོན་བྱ་སྤྱོད་དམ་འཛིན་ནན་མོ་བྱས་ཏེ། གནད་འཁེལ་སྔོན་འགོག་ཚོད་འཛིན་དང་དྲོད་ཁོལ་ཞབས་ཞུར་བརྟེན་ནས་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་བཏང་སྟེ། ཡུལ་སྐོར་བ་བློ་བདེའི་ངང་མཐོ་སྒང་དུ་ཡུལ་སྐོར་སྤྲོ་འཆམ་བྱེད་ཐུབ་པའི་འགན་སྲུང་བྱས།
མཛེས་ལྗོངས་ཁུལ་ཁ་ཐོར་དང་། ལམ་ཐག་རིང་བ། ལམ་གྱི་གནས་ཚུལ་རྙོག་འཛིང་ཆེ་བ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ནས། མཚོ་བྱང་ཁུལ་སྤྱི་བདེ་ཅུས་ཀྱིས“རླངས་འཁོར་སྐོར་ཞིབ་དང་རྐང་ཐང་དུ་སྐོར་ཞིབ”བཅས་ལངས་གཟུགས་ཅན་གྱི་སྐོར་ཞིབ་འགོག་སྲུང་མ་ལག་ལེགས་སྒྱུར་བྱས་ཏེ། ཉེན་རྟོག་པ་གཞི་རིམ་དུ་སྐྱོད་པ་དང་། ཁུལ་དང་རྫོང་མཉམ་འགུལ་བྱེད་པ། གསང་སྡོམ་དྲ་གྲགས་གཞུང་ལམ། ཆུ་དང་བྲག་ལ་ཉེ་བའི་ལམ་དུམ། ཚོང་སྐོར་དང་མཚན་ཁྲོམ་བཅས་ལ་སྐོར་ཞིབ་ཐེངས་མང་བྱས་པ་དང་། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་སྣང་ཚུལ་བཅོས་སྐྱོང་ནན་མོ་བྱས། དམངས་སྲོལ་མགྲོན་ཁང་དང་། རི་ལམ། ཆུ་བོ་དང་མཚེའུ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་ལེབ་བཤེར་དང་། གཞུང་ལམ་འགོག་སྲུང་སྒྲིག་བཀོད་ཁ་གསབ་བྱས་ཏེ་ཆུར་ནུབ་པ་དང་། གཞུང་ལམ་འགྲིམ་འགྲུལ། མེ་ཟོན་བདེ་འཇགས་འབྱུང་རྩ་ནས་བཅོས་སྐྱོང་བཅས་དམ་འཛིན་ནན་མོ་བྱས། དེ་དང་ཆབས་ཅིག མཛེས་ལྗོངས་ཁུལ་ཆེ་གྲས་ཁག་དང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་ཉེན་རྟོག་ལས་དོན་ཁང་དང་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་30བཙུགས་ནས། ཉེན་བརྡ་ཐག་གཅོད་དང་དམངས་ཕན་བློ་འདྲི། འཕྲལ་བསྟུན་རོགས་སྐྱོབ་བཅས་ཀྱི་བྱེད་ནུས་གཞི་གཅིག་ཏུ་བསྡུས་ཏེ། ཡུལ་སྐོར་རྩོད་གཞི་ཡུལ་དངོས་སུ་སེལ་བ་དང་ཐོལ་བྱུང་གནས་ཚུལ་མགྱོགས་མྱུར་ཐག་གཅོད་ཐུབ་པར་བྱས། ཁྲིམས་བསྟར་བརྒྱུད་རིམ་ནང་འགྱུར་མེད་གཅུན་འདོམས་དང་མི་ཚུལ་ཐུགས་ཁུར་ལ་ལྟ་རྟོག་བྱས་ཏེ། ཡུལ་སྐོར་བར་ལམ་གྱི་གནས་ཚུལ་རྒྱུས་མངའ་མེད་པ་ལས་ཐོན་པའི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཆུང་གྲས་ལ་སློབ་གསོ་དང་ཁ་ཏ་སློབ་སྟོན་བྱ་རྒྱུ་གཙོ་བོར་བྱེད་པ་དང་། མཉེན་གཤིས་ཁྲིམས་བསྟར་གྱིས་ཞབས་ཞུའི་དྲོད་ཚད་མངོན་པར་བྱས། ཉེན་རྟོག་ལས་དོན་ས་ཚིགས་ཁག་གིས་ཡུལ་བབ་དང་བསྟུན་ནས་སེམས་དྲོད་ཞབས་ཞུ་འདོན་སྤྲོད་བྱས་ཡོད་དེ། དཔེར་ན་གངས་རིའི་ཉེན་རྟོག་ལས་དོན་ཁང་གིས་རྫ་དུག་རྒྱག་པའི་དངོས་ཟོག་གྲ་སྒྲིག་བྱས་པ་དང་། མཚོ་སྐོར་ས་ཚིགས་ཀྱིས་རྟ་ཞོན་ཡུལ་སྐོར་བར་འགོག་སྲུང་སྒྲིག་ཆས་བྱིན་པ། བར་སྣང་འཕུར་གྲུའི་ཉེན་རྟོག་ལས་དོན་ཁང་གིས་མ་བུར་མཁོ་བའི་སྒྲིག་ཆས་ཆ་ཚང་དང་བཅོལ་ཉར་ཞབས་ཞུ་སོགས་མཁོ་འདོན་བྱས། ཁུལ་ཁོངས་གཏོགས་ཀྱི་སྤྱི་བདེ་ལས་ཁུངས་ཁག་གིས་མཛེས་ལྗོངས་ཀྱི་བརྗོད་བྱ་གཙོ་བོའི་བདེ་འཇགས་ཀྱི་དྲན་གསོའི་བྱང་བུ་བཏོན་ནས་ལྗོངས་རྣམ་ཅན་གྱི་བདེ་འཇགས་སྒྲོག་བཤད་བྱས།
མཚོ་བྱང་ཁུལ་སྤྱི་བདེ་ཅུས་ཀྱིས་ཡུལ་སྐོར་ཉེན་རྟོག་ལས་དོན་འཛུགས་སྐྲུན་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས། དོ་དམ་ཚོད་འཛིན་ཞིབ་ཚགས་དང་སེམས་དྲོད་སྲུང་སྐྱོང་ལ་བརྟེན་ནས། མཚོ་བྱང་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་བརྟན་ཞིང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱེལ་བྱ་རྒྱུ་རེད།