འབྲི་ཆུ་སྒྲོལ་བའི་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་ཐོག་མ་བརྟོལ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ7ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས24ཉིན། ཁྲུང་ཆིང་ནས་ཞ་མོན་བར་གྱི་མྱུར་བགྲོད་ལྕགས་ལམ་ཁྲུང་ཆིང་ཚའེ་ཡོན་པཱ་འབྲི་ཆུའི་ལྕགས་ལམ་གྱི་ཕུག་ལམ་བདེ་བླག་བརྟོལ་བ་དང་། འབྲི་ཆུ་སྒྲོལ་བའི་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་ཐོག་མ་དེར་གྱུར་ཡོད།

ཁྲུང་ཆིང་ཚའེ་ཡོན་པཱ་འབྲི་ཆུའི་ལྕགས་ལམ་གྱི་ཕུག་ལམ་ནི་ཁྲུང་ཆིང་གྲོང་ཁྱེར་ཡུས་ཀྲུང་ཆུས་དང་ནན་ཨན་ཆུས་སུ་གནས་ཤིང་། སྤྱིའི་རིང་ཚད་ལ་སྨི་11942ཟིན་པ་དང་། ཨར་སྐྲུན་གྱི་ལམ་ཐིག་དེ་གྲོང་ཁྱེར་དོ་དམ་འགྲོ་ལམ་དང་། ཟམ་ལམ། ལྕགས་ལམ་འགྲིམ་འགྲུལ་གྱི་ལམ་ཐིག གྲོང་མིའི་སྡོད་ཁུལ་མང་པོ། འབྲི་ཆུའི་གྲུ་ལམ་ཨ་མ། ལྷོ་རིའི་རི་ལྡེབས་བཅས་བརྒྱུད་དགོས་པས། སྤྱི་ཡོངས་ཀྱི་ཨར་སྐྲུན་གྱི་དཀའ་ཚེགས་ཆེ་བ་དང་ལག་རྩལ་གྱི་ཚད་གཞི་ཧ་ཅང་ནན་པོ་ཡོད་པ་རེད། དེས་ན། ཨར་སྐྲུན་ཚོགས་པས་ཁ་སྔོག་ཐབས་དང་། གཏེར་ཁ་སྔོག་ཐབས། སོར་འབིགས་བྱ་ཐབས་བཅས་ལ་བརྟེན་ཏེ། རང་བརྟེན་གདམ་ག་དང་ཇུས་འགོད་བྱས་པའི“འབྲི་ཆུ་རྟགས་ཅན”གྱི་འདམ་ཆུ་དོ་སྙོམས་འབིགས་འཕྲུལ་སྤྱད་ནས། ཆུའི་གནོན་ཤུགས་ཆེན་པོའི་ཁོར་ཡུག་འོག་བར་ཐག་རིང་བའི་མགོ་གཅིག་མའི་སྔོག་འདོན་བྱས་པས། བརྡིབས་ཚད་ཧའོ་སྨི་རིམ་པའི་ནང་ཚོད་འཛིན་དང་བདེ་འཇགས་དང་ནུས་ཆེའི་སྔོག་འདོན་ཐུབ་ཡོད།

ཁྲུང་ཆིང་ནས་ཞ་མོན་བར་གྱི་མྱུར་བགྲོད་ལྕགས་ལམ་ནི་རང་རྒྱལ་གྱི“འཕྲེད་བརྒྱད་གཞུང་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཁྲུང་ཆིང་ནས་འགོ་བཙུགས་ཏེ། ཧུའུ་ནན་གྱི་ཀྲང་ཅ་ཅེ་དང་། ཁྲང་ཏེ། ཁྲང་ཧྲ་བཅས་དང་། ཅང་ཤིས་ཀྱི་ཀན་ཀྲོའུ་དང་རུའེ་ཅིན། ཧྥུའུ་ཅན་གྱི་ལུང་ཡན་དང་ཀྲང་ཀྲོའུ་བཅས་བརྒྱུད་མཐར་ཞ་མོན་དུ་འབྱོར་གྱི་ཡོད། མིག་སྔར། ཁྲུང་ཆིང་འབབ་ཚུགས་ཤར་མ་ནས་ཁྲང་ཧྲ་དུམ་བུ་བར་དང་། ཀན་ཀྲོའུ་ནས་ཞ་མོན་བར་གྱི་ལྕག་ལམ་དུམ་བུ་ཤར་གཏོང་ཟིན་པ་དང་། ཁྲུང་ཆིང་ནས་ཁྲུང་ཆིང་འབབ་ཚུགས་ཤར་མའི་བར་གྱི་དུམ་བུ་དང་། ཁྲང་ཧྲ་ནས་ཀན་ཀྲོའུ་བར་གྱི་དུམ་བུ་བསྐྲུན་ཟིན་རྗེས་ཐུན་མོང་ཐོག་ཁྲུང་ཆིང་ནས་ཞ་མོན་བར་གྱི་མྱུར་བགྲོད་ལྕགས་ལམ་གྲུབ་ནས། ལམ་རྒྱུད་ཀྱི་མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་ཆེན་པོ་ཡོང་ངེས་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།