མཚོ་སྔོན་གྱིས“མི་ཕྱུགས་ཐུན་མོང་དུ་བྱུང་བའི་ནད་གཞིའི”ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ཆར། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་གཙོ་སྒྲུབ་བྱས་པའི“མཐོ་སྒང་ཞིང་ལས་ཀྱི་གཟི་འོད”ཅེས་པའི་ཚན་རིག་ཁྱབ་གདལ་སྤུས་རྟགས་ཀྱི་ཕྲེང་བསྟར་བྱེད་སྒོ་སྟེ།“མི་ཕྱུགས་ཐུན་མོང་དུ་བྱུང་བའི་ནད་གཞིའི”ཚན་རིག་ཁྱབ་གདལ་བྱེད་སྒོ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་འདན་མ་གྲོང་རྡལ་དུ་སྤེལ།

ཐེངས་འདིའི་བྱེད་སྒོ་ནི་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ཚན་རྩལ་མཛུབ་སྟོན་འཕེལ་རྒྱས་ཞབས་ཞུ་ལྟེ་གནས་ཀྱིས་འགན་སྒྲུབ་བྱས་ཤིང་། ཞིང་ཆེན་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་སོགས་ཐིང་རིམ་པའི་ལས་དོན་ལས་ཁུངས6གིས་ཐུན་མོང་དུ་སྤེལ། དྲིལ་བསྒྲགས་རུ་ཁག་གིས་མི་ཕྱུགས་ཐུན་མོང་དུ་བྱུང་བའི་ནད་གཞིའི་སྔོན་འགོག་ཚོད་འཛིན་ཁྱབ་ཁོངས་ལ་གཞིགས་ནས། གཅིག་བསྡུས་ཀྱིས་མི་ཕྱུགས་ཐུན་མོང་དུ་བྱུང་བའི་ནད་གཞི་ཡིས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་མི་མངོན་པའི་ཉེན་ཁ་ཡོད་པའི་རྒྱུན་ཤེས་ཁྱབ་གདལ་དང་། དམངས་ཡོངས་ཀྱི་རིམས་ནད་འགོག་སྲུང་འགན་འཁྲི་དང་ཚན་རིག་དང་མཐུན་པའི་འགོག་སྲུང་བྱེད་ཐབས་ཁྱབ་གདལ་བཏང་། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་འགོག་སྲུང་མཚམས་ཐིག་སྲ་བརྟན་གཏོང་བ་དང་། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ལ་བརྟེན་ནས་མང་ཚོགས་ཀྱི་ཚན་རིག་བྱང་ཚད་མཐོར་འདེགས་་བཏང་སྟེ། ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྒུལ་ནུས་གསོག་འཇོག་བྱས་ཡོད།

བྱེད་སྒོ་ལས་མི་སྣ་གཞི་རིམ་དུ་སོང་སྟེ། གྲོང་གསེབ་མང་ཚོགས་ལ་ཁ་གཏད་ནས་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ་དང་། ཡུལ་དངོས་སུ་ཆེད་མཁས་པའི་བློ་འདྲི་དང་དྲི་བ་དྲིས་ལན། དྲིལ་བསྒྲགས་ཡིག་ཆ་སྤྲོད་པ་སོགས་སྣ་མང་ཞབས་ཞུ་བཀོད་སྒྲིག་བྱས་ཏེ། དོན་དངོས་ཐོག་ཚན་རྩལ་དམངས་ཕན་གྱི“མཇུག་མཐའི་སྤྱི་ལེ་གཅིག”ཤར་གཏོང་བྱས། ཐེངས་འདིའི་བྱེད་སྒོ་རུ་ཁྱོན་སྡོམ་མང་ཚོགས་སྟོང་གཅིག་ལྷག་ཞུགས་པ་དང་། ཞིང་ལས་ཚན་རིག་ཁྱབ་གདལ་གྱི་རྒྱུ་ཆ་སྣ་ཚོགས་སུམ་སྟོང་ལྷག་སྤྲད་ཡོད། འཕྲོད་བསྟེན་གོམས་གཤིས་ཚད་ལྡན་དང་ཚན་རིག་དང་མཐུན་པའི་ཕྱུགས་རིགས་གསོ་སྤེལ་སོགས་དངོས་ཕན་རིམས་འགོག་ཤེས་བྱ་གཙོ་བོར་བཟུང་ནས་ཁྱབ་གདལ་བཏང་སྟེ། རིམས་འགོག་ཚན་རིག་ཁྱབ་གདལ་གཞི་རིམ་དུ་བསྐྱོད་པར་བྱས།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་མི་ནད་ཕྱུགས་འགོག་དང་སྔོན་འགོག་གི་ལས་དོན་ལ་དམིགས་ནས། པོ་ལོ་ཧྲི་འབུ་ཕྲ་དང་ཐུམ་འབུའི་ནད་སོགས་གཙོ་གནད་དུ་བཟུང་སྟེ། འབྱུང་ཁུངས་ནས་འགོག་སྲུང་བྱེད་པར་སྐུལ་འདེད་བཏང་ཡོད། པོ་ལོ་ཧྲིའི་ནད་གཞི་ཚོད་འཛིན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ནོར་ལུག་ལ་རིམས་འགོག་སྨན་ཁབ་རྒྱག་པ་དང་དཔེ་མཚོན་བརྟག་དཔྱད་བྱེད་པ། གནོད་མེད་གཙང་སེལ་བྱེད་པ་བཅས་བྱས་ཤིང་། ཞིང་ཆེན་རིམ་པའི་གཙང་སེལ་ར་བ་མང་པོ་བཙུགས་ཡོད། ཐུམ་འབུའི་ནད་ཀྱི་ཐད་ནས་སྒོ་ཁྱིའི་ནད་འབུ་སེལ་བ་དང་ལུག་ལ་འགོག་སྨན་རྒྱག་པ། བདེ་ཐང་ཤེས་བྱ་དྲིལ་བསྒྲགས་བྱེད་པ། ནད་ཤིའི་ནང་ཁྲོལ་རྣམས་གནོད་མེད་གཙང་བཟོ་བྱེད་པ་བཅས་ཕྱོགས་བཞི་གཞི་གཅིག་གི་བྱེད་ཐབས་ལག་བསྟར་བྱས་ཏེ། སྒོ་ཁྱི་དང་སྒོ་ཕྱུགས་ལ་འགོས་ཁྱབ་འགྲོ་ཚད་རྒྱུན་མཐུད་ངང་མར་ཆག་ཡོད། ས་ནད་དབྱུག་སྲིན་ལ་ས་ཁུལ་གཙོ་བོ་ཁག་ཏུ་རིམས་འགོག་སྨན་ཁབ་རྒྱག་པ་དང་ལྟ་ཞིབ་བྱེད་པ། དེ་བཞིན་སྡེ་ཁག་མང་པོས་མཉམ་འབྲེལ་ཐོག་སྔོན་འགོག་དང་ཚོད་འཛིན་བྱས་པ་བརྒྱུད་དེ། མི་ཕྱུགས་གཉིས་ཀར་འགོ་སྲིད་པའི་རིམས་ནད་ཕྱོགས་བསྡུས་ཀྱི་འགོག་སྲུང་དྲ་བ་བརྟན་པོ་ཞིག་བསྐྲུན་ཡོད། རྒྱུན་མཐུད་མཁྲེགས་གཏོར་བྱས་པ་བརྒྱུད། རང་ཞིང་གི་པོ་ལོ་ཧྲིའི་ནད་དང་ཐུམ་འབུའི་ནད། ས་ནད་དབྱིག་སྲིན་སོགས་མི་ཕྱུགས་ཕན་ཚུན་བར་འགོ་སླ་བའི་ནད་རིགས་གཏན་འཇགས་ངང་ཚོད་འཛིན་ཐུབ་ཡོད་ལ། མང་ཚོགས་ཡོངས་ཀྱིས་མཉམ་དུ་འགོག་སྡོམ་བྱེད་པའི་ཐོག་མའི་རྣམ་པ་ཆགས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།