ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་ལིའུ་ཝེ་ལ་ཐུག་འཕྲད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ7པའི་ཚེས26ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ལིའུ་ཝུའེ་འཁོར་དང་བཅས་པར་ཐུག་འཕྲད་བྱས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་དུས་ཡུན་རིང་པོའི་ནང་མཚོ་སྔོན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོ་གཉིས་ཀྱིས་བཤད་རྒྱུར། ཉེ་བའི་ལོ་འདི་དག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་མཛུབ་སྟོན་དང་རོགས་རམ་འོག མཚོ་སྔོན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས། ཞིང་ཆེན་ནས་ཕྱིར་སྐྱོད་པའི་བགྲོད་ལམ་འཛུགས་སྐྲུན་དང་ལམ་དྲའི་བདེ་འཇགས་མཉེན་ཆ་མཐོར་འདེགས་གཏོང་བ། ཤར་རྒྱུད་ས་ཁུལ་གྱི་བགྲོད་ལམ་གཙོ་བོ་རིམ་སྤོར་སྒྱུར་བཀོད་བྱེད་པ། ཞིང་ཆེན་གྱི་གཞུང་ལམ་དང་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་སོགས་ཀྱི་ཐད་མུ་མཐུད་རྒྱབ་སྐྱོར་བྱས་ནས། མཚོ་སྔོན་གྱིས་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མགྱོགས་མྱུར་ངང་སྐྲུན་རྒྱུར་རོགས་རམ་བྱས་ཏེ། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་གྱི་མཚོ་སྔོན་འཛུགས་སྐྲུན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ལོན་པར་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཆེ་ཟེར།

ལིའུ་ཝུའེ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ལས་དོན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས། ཁོས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་། མཚོ་སྔོན་གྱི་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགྲིམ་འགྲུལ་སྐྱེལ་འདྲེན་འཆར་འགོད་ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། པུའུ་དང་ཞིང་ཆེན་གྱི་མཉམ་ལས་སྔར་ལས་ཟབ་སྤེལ་གཏོང་བ་དང་། མཚོ་སྔོན་གྱིས་བཏོན་པའི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་ནན་ཏན་དང་རྒྱབ་སྐྱོར་གང་ལེགས་བྱེད་པ། གནས་ཐིག་གཏན་འཁེལ་གྱི་རོགས་སྐྱོར་རྫོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མཚོ་སྔོན་གྱིས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་རྒྱུ་ཡིན་ཟེར།

ཐུག་འཕྲད་བྱས་རྗེས། ལིའུ་ཝུའེ་འཁོར་དང་བཅས་པས་མཚོ་སྔོན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ལ་ཉན།

ཞིང་ཆེན་གྱི་འགོ་ཁྲིད་ཁྲིན་ཅི་ཝེ་ཐུག་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།