ཁྲི་ཀས་གྲོང་གསེབ་བཅོས་སྐྱོང་གི་རོགས་རེས་ཀྱི་མ་དཔེ་བཟང་པོ་བཏོན།

ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

ཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་སྒྲོམ་སྡེ་བའི་དམངས་ཕན་གྱི་བྱ་གཞག་ཆུང་ངུ་རེ་རེ་ལས་མཐོ་སྒང་གི་གྲོང་གསེབ་བཅོས་སྐྱོང་གི་རྣམ་པ་བཟང་པོ་མངོན་ཡོད། བྱམས་བརྩེའི་སྐྲ་བཞར་ཁང་ནས་ཁྱིམ་མཚེས་དབར་གྱི་རོགས་རེས་དང་། ཏང་ཡོན་གྱིས་སྣེ་ཁྲིད་པ་ནས་མང་ཚོགས་ཟབ་ཞུགས་བྱེད་པའི་བར། སྒྲོམ་སྡེ་བས་ཅན་བཅུའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་ལམ་བུ་བཟང་པོ་བཏོད།  
       ཞོགས་པར་སྒྲོམ་སྡེ་བའི་རྒན་པ་མང་པོ་ཞིག་བྱམས་བརྩེའི་སྐྲ་བཞར་ཁང་དུ་ཡོང་ནས་སྐྲ་བཞར་བཞིན་ཡོད། སྨི་གྲུ་བཞི་མ་ཉི་ཤུ་ཙམ་ལས་མེད་པའི་ཁང་མིག་ཆུང་ཆུང་དེ་ད་ལྟ་སྒྲོམ་སྡེ་བའི་ཅན་བཅུའི་ཏང་འཛུགས་ཕན་ཚུན་རོགས་རེས་ཚན་ཆུང་གི་གནས་གཙོ་བོ་ཞིག་ཏུ་གྱུར་འདུགཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་སྒྲོམ་སྡེ་བའི་སྡེ་དམངས་ཁྲོ་འབུམ་རྒྱལ་གྱིས་བཤད་རྒྱུར། སྔོན་ཆད་ང་ཚོས་སྐྲ་བཞར་དགོས་ཚེ་གྲོང་བརྡལ་དུ་འགྲོ་དགོས་པས་ང་ཚོར་རྒན་པ་རྣམས་ལ་མཚོན་ན་སྟབས་བདེ་མི་འདུག  ད་ལྟ་སྡེ་བའི་ནང་དུ་བྱམས་བརྩེའི་སྐྲ་བཞར་ཁང་ཡོད་པ་དང་། ཟླ་རེའི་ཚེས25ཉིན་ནི་གཏན་འཁེལ་གྱི་སྤྱི་ཕན་ཞབས་ཞུའི་ཉིན་མོ་ཡིན་པས་རིན་སྟེར་མི་དགོས་པར་སྐྲ་བཞར་ཆོག་ལ་ཞབས་ཞུའང་ཧ་ཅང་བཟང་བས་ཚང་མས་ཡིད་ཚིམ་ཡོད་ཟེར། སྐྲ་བཞར་ལག་རྩལ་ལ་བརྟེན་ནས་དམངས་ལ་དྲོད་ཁོལ་སྦྱིན། སྒྲོམ་སྡེ་བ་རུ་ཕན་ཚུན་རོགས་རེས་ཞེས་པའི་ཡིག་འབྲུ་དེ་དག་ནི་ཁ་བཤད་ཙམ་མིན་པར་སྒོ་རར་གཙང་སྦྲ་དང་ཕྱུགས་ཟོག་འཚོ་རོགས། འགྲོ་ལུགས་ཚབ་སྒྲུབ་སོགས་ཕན་ཚུན་རོགས་རེས་བྱེད་པའི་ཏང་ཡོན་གྱི་ལག་ལེན་དངོས་ཤིག་ཡིན། 

འཕྲང་དམར་གྲོང་བརྡལ་སྒྲོམ་སྡེ་བའི་སྡེ་མི་ཚེ་བརྟན་རྒྱལ་གྱིས་བཤད་རྒྱུར། ང་རང་ཏང་ཡོན་ཞིག་དང་རོགས་སྐྱོར་ཚོགས་པའི་ཚོགས་མི་ཞིག་ཡིན་པའི་ཆ་ནས། ངས་ནམ་རྒྱུན་སྡེ་བའི་ནང་གི་རྒན་པ་ཁེར་སྡོད་རྣམས་ལ་སྒོ་རར་གཙང་སྦྲ་དང་ཕྱུགས་ཟོག་འཚོ་རོགས་བྱས་པ་ཡིན། དེ་རིང་ངས་རོགས་རེས་བྱེད་བཞིན་པའི་རྒན་པ་འདིའི་བུ་ཕྲུག་དག་གིས་དུས་རྒྱུན་དུ་ཞོར་ལས་གཉེར་གྱིན་ཡོད་དེ། རྒན་པ་ཁོ་རང་གཅིག་པུ་ཡིན་ཞིང་ལུས་པོ་ཧ་ཅང་སྟབས་བདེ་མིན་པས་འཚོ་བར་དཀའ་ཁག་ཆེན་པོ་ལྡན། ངས་རང་ཉིད་ཀྱི་ནུས་ཤུགས་ཕྲན་བུ་བཏོན་ནས་ཁོ་ཚོར་རོགས་རེས་བྱས་པ་ནི་གུང་ཁྲན་ཏང་ཡོན་ཞིག་གི་ཕྲག་ལ་བབས་པའི་འགན་འཁྲི་ཡིན་པས། ངས་ཀྱང་མུ་མཐུད་དུ་དེ་འབད་པ་བྱ་རྒྱུ་ཡིན། ཏང་འཛུགས་སྐྱོང་གིས་མི་སེམས་གཅིག་ཏུ་སྒྲིལ་བར་སྣེ་ཁྲིད་བྱས་ཏེ་ཁྱིམ་མཚེས་དབར་གྱི་འཆམ་མཐུན་ལ་སྐུལ་འདེད་བཏང་། སྒྲོམ་སྡེ་བས་ཅན་བཅུའི་ཏང་འཛུགས་སྐྱོང་བྱ་བའི་མ་ལག་ལ་བརྟེན་ནས། ཏང་ཡོན་གྱིས་སྣེ་འཁྲིད་པ་དང་དམངས་ཡོངས་ཟབ་ཞུགས་བྱེད་པའི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་དེ། ཁྱིམ་མཚེས་དབར་ཕན་ཚུན་རོགས་རམ་བྱ་རྒྱུ་དེ་གྲོང་གསེབ་ཀྱི་དར་སྲོལ་གསར་པ་ཞིག་ཏུ་བསྒྱུར་ནས་གྲོང་གསེབ་བཅོས་སྐྱོང་ལ་ཕྱོགས་པའི་སེམས་ཤུགས་གཅིག་ཏུ་སྒྲིལ་བ་རེད།

 ཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་སྒྲོམ་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅིའམ་སྡེ་དམངས་ཨུ་ལྷན་གྱི་ཀྲུའུ་རེན་རྟ་མགྲིན་རྡོ་རྗེ་ཡིས་བཤད་རྒྱུར། ཅན་བཅུའི་ཏང་འཛུགས་སྐྱོང་གི་བྱ་བ་སྤེལ་བ་ནས་བཟུང་། ཆེད་དོན་ལས་དོན་ཚན་ཆུང་དང་སྒོས་སུ་རོགས་སྐྱོར་ཚན་ཆུང་གིས་ནུས་པ་ཆེན་པོ་བཏོན་ཡོད། སྔོན་ཆད་དོན་དག་མང་པོ་ཞིག་ལ་འཕྲད་དུས་སུ་ཞིག་བཙལ་ནས་ཐག་གཅོད་བྱ་དགོས་མི་ཤེས་མོད། ད་ལྟ་སྔོན་ཆད་དང་མི་འདྲ་བར་ཚང་མར་དཀའ་ཁག་ཡོད་ན་མཉམ་དུ་གྲོས་བསྡུར་དང་མཉམ་དུ་ཐབས་བཀོད་འཐེན་ཆོག་པ་ཡིན། བྱམས་བརྩེའི་སྐྲ་བཞར་ཁང་འདི་ནི་རོགས་སྐྱོར་ཚན་ཆུང་གི་ལག་ལེན་དངོས་ཤིག་ཡིན་ཏེ། ཏང་ཡོན་གྱིས་སྣེ་ཁྲིད་པ་དང་མང་ཚོགས་ཟབ་ཞུགས་བྱས་པས་ཐུན་མོང་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད། སྡེ་བའི་ནང་གི་རྒན་པ་རྣམས་ཀྱིས་དུས་རྒྱུན་ཕན་ཚུན་ལ་རོགས་རེས་བྱེད་པ་ནང་བཞིན་ང་རང་ཉིད་ཀྱིས་ཀྱང་ཁོམ་ལོང་མེད་པར་རྟག་ཏུ་ཁྱིམ་མཚེས་ཀྱི་སྒོ་རར་གཙང་སྦྲ་དང་ཕྱུགས་ཟོག་འཚོ་རོགས་བྱེད་བཞིན་ཡོད་པས། ཚང་མའི་མཐུན་སྒྲིལ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།