མཚོ་སྔོན་གསར་འགྱུར་དྲ་བས་ཟླ7ཚེས24ཉིན་སྤེལ་བའི་འཕྲིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཐེན་ཅིན་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅི་དབྱང་ཞིན་ཅིན་སོགས་མཚོ་སྔོན་མི་རིགས་སློབ་ཆེན་ལ་ཁ་མཐུན་རོགས་སྐྱོར་བྱེད་མཁན་གྱི་མཐོ་རིམ་སློབ་གྲྭའི་མགོ་ཁྲིད་ཁག་ལ་མཇལ་འཕྲད་གནང་།
ཝུའུ་ཞའོ་ཅུན་གྱིས་འདི་སྐད། བློ་མཐུན་ཞི་ཅིན་ཕིང་གཙོ་བྱས་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བརྩེ་བ་ཟབ་མོའི་འོག་དང་། སློབ་གསོ་པུའུ་དང་མཚོ་སྐྱོར་སློབ་ཆེན་ཁག་གི་རྒྱབ་སྐྱོར་ཆེན་པོའི་འོག འདས་པའི་ལོ་ངོ15ཡི་རིང་མཚོ་སྔོན་མི་རིགས་སློབ་ཆེན་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ལ་སྟོབས་དང་ལྡན་པའི་འཇོན་མིས་རྒྱབ་སྐྱོར་དང་རིག་སྟོབས་ཀྱིས་འདེགས་སྐྱོར་བཏོན་ཡོད་པས། ཚང་མར་ཐུགས་རྗེ་ཆེ་ཞུས་པ་ཡིན། “ལོ་ལྔ་ཚན་བཅོ་ལྔ་བར”ཁ་ཕྱོགས་ན། སློབ་གསོ་དང་། ཚན་རྩལ། འཇོན་མི་ནི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་གྱི་ཐོག་མཐའ་བར་གསུམ་དུ་མཁོ་བའི་འདེགས་སྐྱོར་གྱི་སྟོབས་ཤུགས་གལ་ཆེན་དེ་ཡིན་པས། མཐོ་རིམ་སློབ་གྲྭ་ཁག་གིས་མུ་མཐུད་དུ་སོ་སོའི་དགེ་མཚན་གང་ལེགས་བཏོན་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལ་དམ་པོར་འབྲེལ་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ནུས་རྒུས་སྐྱེད་སྲིང་དང་གོང་དུ་སྤེལ་དགོས། རིག་ཚན་འཛུགས་སྐྲུན་དང་། འཇོན་མི་འགུགས་སྲང་། ཚན་རིག་ཞིབ་འཇུག་བཅས་ཀྱི་ཐད་ལ་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱས་ཏེ། ཁ་མཐུན་རོགས་སྐྱོར་དང་བརྗེ་རེས་མཉམ་ལས་ཀྱི་རིམ་པ་དེ་སྐས་རིམ་གསར་པ་ཞིག་ལ་སྙེག་པར་སྐུལ་འདེད་གཏང་དགོས་ཞེས་བསྟན།
དབྱང་ཞིན་ཅིན་གྱིས་མཐོ་རིམ་སློབ་གྲྭ་ཁག་གི་ཚབ་བྱས་ཏེ་འདི་སྐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་ཚུལ་ཅན་གྱི་སྒོ་ནས་ཤར་ནུབ་རྒྱུད་བར་གྱི་མཉམ་ལས་ལེགས་པོར་བསྒྲུབ་དགོས་པའི་སློབ་སྟོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ཏེ། ཚོགས་པ་དང་དཔུང་སྡེའི་རོགས་སྐྱོར་གྱི་དགེ་མཚན་གང་ལེགས་འདོན་རྒྱུ་དང་། མཚོ་སྔོན་གྱི་དགོས་མཁོར་དམིགས་ཏེ་རོགས་སྐྱོར་མཉམ་ལས་གཏིང་ཟབ་སྤེལ་ནས་ཁ་མཐུན་རོགས་སྐྱོར་ཁྲོད་མཉམ་འཕེལ་མཉམ་རྒྱས་མངོན་འགྱུར་བྱ་རྒྱུ་ཟེར།
ཞིང་ཆེན་གྱི་མགོ་ཁྲི་དབྱི་ཀྲི་ཝན་དང་། ཐེན་ཅིན་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་། ཞ་མན་སློབ་གྲྭ་ཆེན་མོ། ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོ། ཐེན་ཅིན་དགེ་འོས་སློབ་གྲྭ་ཆེན་མོ། ཐེན་ཅིན་ཚན་རྩལ་སློབ་གྲྭ་ཆེན་མོ། ཐེན་ཅིན་མཁར་གྲོང་འཛུགས་སྐྲུན་སློབ་གྲྭ་ཆེན་མོ། སི་ཁྲོན་མི་རིགས་སློབ་གླིང་། པེ་ཅིང་བཟོ་ལས་སློབ་གྲྭ་ཆེན་མོ། ཐེན་ཅིན་ལུས་རྩལ་སློབ་གླིང་། ཐེན་ཅིན་ཕྱི་སྐད་སློབ་གྲྭ་ཆེན་མོ། ཐེན་ཅིན་རོལ་དབྱངས་སློབ་གླིང་། ཐེན་ཅིན་བཟོ་ལས་སློབ་གྲྭ་ཆེན་མོ། ཐེན་ཅིན་ནོར་དཔལ་སློབ་གྲྭ་ཆེན་མོ། ཏུང་ཧྭ་དངོས་ལུགས་བཟོ་སྐྲུན་སློབ་གྲྭ་ཆེན་མོ། ནན་ཅིན་དངོས་ལུགས་བཟོ་སྐྲུན་སློབ་གྲྭ་ཆེན་མོ། སུའུ་ཀྲོའུ་སློབ་གྲྭ་ཆེན་མོསོགས་མཐོ་རིམ་སློབ་གྲྭའི་འབྲེལ་ཡོད་བློ་མཐུན་མཇལ་འཕྲད་ལ་ཞུགས།