སྨན་བཅོས་འགན་སྲུང་གི་དམངས་ཕན་སྲིད་ཇུས་དོན་འཁྱོལ་དང་། ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་སྐོང་བ། མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཇེ་ཡང་དུ་གཏོང་བ་བཅས་བྱ་ཆེད། ཟླ8པའི་ཚེས1ཉིན་ནས་བཟུང་། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་གཏོང་སྤྲོད་སྲིད་ཇུས་ལེགས་སྒྲིག་བྱས་ཏེ། མིས་བཟོས་རྣ་འཁྱིལ་སོགས་རིན་གོང་མཐོ་བའི་སྨན་བཅོས་རྒྱུ་ཆ་དང་ཕྲུ་གུ་སྐྱེ་བའི་ན་ཟུག་གཅོག་པ་སོགས་སྨན་བཅོས་ཞབས་ཞུའི་རྣམ་གྲངས་འགའ་སྨན་བཅོས་འགན་སྲུང་གི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ནས། དམངས་འཚོའི་མཐའ་ཚད་གནད་སྨིན་འགན་སྲུང་བྱས།
ཐོས་ཤུགས་སླར་གསོའི་འགྲོ་གྲོན་མཐོ་བ་དང་མི་སྒེར་གྱི་ཁུར་པོ་ལྕི་བ་ནི་རྣ་ཤེས་ཉམས་པའི་ཚོགས་སྤྱིའི་དམངས་འཚོའི་དཀའ་གནད་ཅིག་རེད། སྲིད་ཇུས་གསར་པ་འདི་ལག་བསྟར་བྱས་རྗེས། རྣ་ཤེས་ཉམས་པའི་མང་ཚོགས་དྲག་སྐྱེད་བྱུང་ནས་སྨན་བཅོས་བྱེད་པའི་མ་དངུལ་གྱི་དཀའ་གནད་ནུས་ལྡན་ངང་སེལ། རྣ་ཤེས་ཉམས་པའི་བྱིས་པ་རྒྱུན་གཏན་ལྟར་འཚར་ལོངས་ཡོང་བར་རམ་འདེགས་བྱས་ཏེ། དར་མའི་རྣ་ཤེས་ཉམས་པའི་མི་ཚོགས་ལ་འབྲེལ་གཏུག་གི་འགོག་རྐྱེན་སེལ་རོགས་བྱས་པ་དང་། ལས་ཞུགས་དང་འཚོ་བའི་ཐབས་ལམ་རྒྱ་ཆེར་བཅས་བཏང་སྟེ། རྒན་རྒོན་རྣ་ཤེས་ཉམས་པའི་ནད་པའི་རྣ་ཤེས་ཇེ་གསལ་དུ་གཏོང་བ་དང་ཚེ་མཇུག་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱས།
སྔོན་རྩིས་བྱས་པ་ལྟར་ན། དེ་སྔོན་ནད་པས་རྣ་འཁྱིལ་བཞག་ན་སྒེར་གྱིས་འགྲོ་གྲོན་སྒོར་ཁྲི5ཙམ་གཏོང་དགོས་ཀྱི་ཡོད་པ་དང་། སྨན་བཅོས་འགན་སྲུང་རྩིས་ཞུ་བྱས་རྗེས་མི་རེར་ཆ་སྙོམས་སྒོར་ཁྲི2ཙམ་གྱི་ཁུར་པོ་ཇེ་ཡང་དུ་ཕྱིན་ནས་རྣ་ཤེས་ཉམས་པའི་ཚོགས་སྤྱིའི་དྲག་སྐྱེད་མ་གནས་ཇེ་དམའ་རུ་ཤུགས་ཆེན་ཕྱིན་ཡོད།
དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་དང་ལེན་ཧུར་ཐག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་འབོར་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་དང་། སྦྲུམ་མའི་སྨན་བཅོས་ཀྱི་ཁུར་པོ་ཇེ་ཡང་དུ་གཏང་བ། ཕྲུ་གུ་སྐྱེ་བའི་སྨན་བཅོས་ཉམས་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཕྲུ་གུ་སྐྱེ་བའི་ཟུག་གཅོག་པའི་ཞབས་ཞུ་དེ་སྨན་བཅོས་འགན་སྲུང་གི་གཏོང་སྤྲོད་ཁྱབ་ཁོངས་ནང་འཇུག་རྒྱུ་རེད། རྣམ་གྲངས་དེ་ལག་བསྟར་བྱས་རྗེས་ཕྲུ་གུ་སྐྱེ་ཐེངས་གཅིག་ལ་ཟུག་གཅོག་ཞབས་ཞུར་རང་ཉིད་ཀྱིས་སྤྲོད་དགོས་པའི་འགྲོ་གྲོན་སྒོར400ཙམ་ཇེ་ཉུང་དུ་བཏང་ནས་སྦྲུམ་མར་ཕྲུ་གུ་སྐྱེ་སྐབས་སྨན་བཅོས་བྱེད་པའི་དཔལ་འབྱོར་གྱི་གནོན་ཤུགས་ཇེ་ཆུང་དུ་ཕྱིན་ནས་བུ་བཙའི་འགན་སྲུང་ལ་སྔར་ལས་དྲོ་སྐྱིད་ལྡན་པ་བྱས།