“AIལག་རྩལ་གྱི་སྐུལ་འདེད་འོག བོད་སྐད་ཡིག་གི་རིག་གནས་དེ‘གྲངས་འཛིན་ཅན་གྱི་སྲུང་སྐྱོབ’ནས‘གྲངས་རིག་ཅན་གྱི་བསྐྱར་སྒྲིག’ཕྱོགས་སུ་འཕོ་འགྱུར་གཏིང་ཟབ་བྱུང་བཞིན་ཡོད”ཅེས་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཉི་མ་བཀྲ་ཤིས་ཀྱིས་ཉེ་ཆར་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད།
ལོ30ལྷག་ཙམ་གོང་། རྩིས་འཁོར་ནང་བོད་ཡིག་རྒྱུན་གཏན་ངང་མངོན་པ་དང་ཆ་འཕྲིན་བརྗེ་རེས་བྱེད་ཐབས་བྲལ། 1997ལོར་བོད་ཡིག་ཨང་སྒྲིག་གི་རྒྱལ་སྤྱིའི་ཚད་གཞི་ལོན་པ་ནས་བཟུང་བོད་སྐད་ཡིག་གྲངས་འཛིན་ཕྱོགས་སུ་ཁྱབ་འགོ་ཚུགས། ད་ཆ་བོད་སྐད་ཀྱི་དཔེ་དབྱིབས་ཆེན་མོ“ཉི་འོད་བོད་ཡིག”ལས། བོད་སྐད་ཀྱི་རིག་ནུས་ཆ་འཕྲིན་དེ“མངོན་ཐུབ་པ་དང་བརྗེ་རེས་ཐུབ་པའི”ཆ་འཕྲིན་ནས“གོ་བ་ལེན་ཐུབ་པ་དང་བསམ་གཞིག་གཏོང་ཐུབ་པར”གྱུར་ཡོད།
ཉི་མ་བཀྲ་ཤིས་ཀྱིས་འདས་ཟིན་པའི་ལོ30ལྷག་ཙམ་རིང་། རྩིས་འཁོར་བཀོལ་སྤྱོད་མ་ལག་དང་ཁྱེར་བདེའི་བཀོལ་སྤྱོད་མ་ལག་གི་བོད་ཡིག་སྤྱོད་ཐབས་དང་། ཁ་སྐད་སྤྱོད་ཐབས། སྐད་གདངས་སྤྱོད་ཐབས། སྣ་ཁ་མང་ཞིང་གཟུགས་མི་འདྲ་བའི་ཡི་གེ་དབྱེ་འབྱེད་སོགས་དེ་སྔ་ལག་རྩལ་གྱི་འདུན་པ་ཙམ་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་ད་ཆ་དངོས་སུ་བེད་སྤྱོད་ཐུབ་པ་བྱུང་ཡོད་ཅེས་བཤད། དེའི་ནང་གྲུབ་འབྲས་མི་ཉུང་བ་ཞིག་རབས་གསར་པའི་མི་བཟོས་རིག་ནུས་ཀྱི་རྒྱལ་ཁབ་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན“བོད་སྐད་ཡིག་རང་འགུལ་དབྱེ་འབྱེད་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད”ལས་བྱུང་བ་ཞིག་རེད།
“ཉི་འོད་བོད་ཡིག”གི་བོད་སྐད་དཔེ་དབྱིབས་ཆེན་མོV1.0ནི་རྣམ་གྲངས་དེའི་གྲུབ་འབྲས་ཀྱི་གྲས་ཤིག་ཡིན། དེ་ནི་དཔྱད་གྲངས་དུང་ཕྱུར་སྟོང་རིམ་པའི་དཔེ་དབྱིབས་ཆེན་པོ་ཞིག་ཡིན་པ་དང་། དཔེ་དབྱིབས་ཆེན་པོའི་སྦྱོང་བརྡར་གཞི་གྲངས་ལ་སྤུས་ཚད་མཐོ་བའི་བོད་སྐད་གཞི་གྲངས་དུང་ཕྱུར288ཙམ་སྤྱད་ཡོད།
“རྣམ་གྲངས་དེའི་ནང་ད་དུང་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཆེན་པོ་གསུམ་ཚུད་པའི་སྐད་སྒྱུར་ལག་རྩལ་མ་ལག་བཙུགས་ཡོད”ཉི་མ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་དོན། ཞིབ་འཇུག་ཚོགས་པས་བོད་སྐད་ཀྱི་སྐད་གདངས་གཞི་གྲངས་བཟོ་བར་ཤུགས་སྣོན་བརྒྱབ་སྟེ། བོད་ཡིག་རང་ངོས་ཀྱི་ཁྱད་ཆོས་ལ་ཞིབ་འཇུག་དང་བེད་སྤྱོད་གང་ལེགས་བྱས་ནས་སྐད་བརྡ་གོ་བ་ལེན་པའི་རྨང་གཞིའི་ཚན་པ་གཏན་འཁེལ་གྱིས་སློབ་སྦྱོང་གཏིང་ཟབ་ཀྱི་ལག་རྩལ་སྤྱད་དེ། རྒྱུན་ཆད་མེད་པར་སྦྱོང་བརྡ་དང་དཔེ་དབྱིབས་ལེགས་སུ་བཏང་སྟེAIལ་ཡུལ་སྐད་ཆེན་པོ་གསུམ་གོ་བའི་ནུས་པ་ལྡན་པར་བྱས་ཡོད། དེའི་རྨང་གཞིའི་ཐོག་ཞིབ་འཇུག་ཚོགས་པས་སྐད་བརྡ་དབྱེ་འབྱེད་གཞི་གྲངས་དེ་སྐད་བརྡ་མཉམ་འདྲེས་ལ་འཚམ་པའི་སྤུས་ཚད་མཐོ་བའི་གཞི་གྲངས་ལ་ཁ་ཕྱོགས་གཏན་འཁེལ་བྱེད་པར་བསྒྱུར་ནས། དཔེ་དབྱིབས་ཆེན་པོས་སྐད་ཆ་བཤད་མཁན་གྱི་ཁྱད་ཆོས་ལ་དཔེ་དབྱིབས་འཛུགས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བོད་སྐད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གྱི་སྤུས་ཚད་མཐོ་བའི་སྐད་གདངས་འདྲེས་སྦྱོར་མངོན་འགྱུར་བྱུང་ནསAIཡིས་བོད་སྐད་བཤད་ཤེས་པ་བྱས་ཡོད།
“བོད་སྐད་ཡིག་ནང་མཚོ་བོད་མཐོ་སྒང་ལོ་ངོ་སྟོང་གི་ཤེས་དཔལ་དྲན་ཤེས་འདུས་ཡོད། ང་ཚོས་རིག་གནས་གྲངས་འཛིན་ཅན་དུ་འགྱུར་བའི་སྲུང་སྐྱོང་བྱེད་པ་དང་སྲུང་སྐྱོང་བྱ་རྒྱུ་ནི་བྱ་ཐབས་ཤིག་ཡིན་པ་དང་བེད་སྤྱོད་བྱ་རྒྱུ་ནི་དམིགས་ཡུལ་ཡིན་ཞེས་བརྗོད་ཀྱི་ཡོད”ཉི་མ་བཀྲ་ཤིས་ཀྱིས་ད་ཆAIལག་རྩལ་གྱིས་བོད་ཀྱི་རིག་གནས་དེ“གྲངས་འཛིན་ཅན་གྱི་སྲུང་སྐྱོབ”ནས“གྲངས་རིག་ཅན་གྱི་བསྐྱར་སྒྲིག”ལ་ཕྱོགས་རྒྱུར་སྐུལ་འདེད་བཏང་ནས། སྲོལ་རྒྱུན་རིག་གནས་ཕྱོགས་མང་རིམ་པ་མང་བའི་རིག་ནུས་ཐག་གཅོད་དང་མཉམ་འདྲེས་བེད་སྤྱོད་ཐུབ་རྒྱུར་སྔར་བྱུང་མྱོང་མེད་པའི་གོ་སྐབས་མཁོ་འདོན་བྱས་ཡོད་ཅེས་བཤད།
བོད་སྐདAIལག་རྩལ་ཁྱབ་ཁོངས་མང་པོར་སྤྱོད་བཞིན་ཡོད། ཉི་མ་བཀྲ་ཤིས་ཀྱིས་སློབ་གསོའི་ཁྱབ་ཁོངས་སུ་བོད་སྐད་རིག་ནུས་ལག་རྩལ་གྱིས་བྱིས་པས་པར་རིས་ལ་བལྟས་ནས་ཡི་གེ་ངོས་འཛིན་བྱེད་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རིག་གནས་ཤེས་བྱ་སློབ་སྦྱོང་། རིམ་པ་མཐོ་བའི་རིག་གཞུང་ཞིབ་འཇུག་སོགས་ལ་སྟབས་བདེའི་ལག་ཆ་མཁོ་འདོན་བྱས་པ་དང་། སྨན་བཅོས་ཁྱབ་ཁོངས་སུ་སྐད་བརྡ་ཡིག་སྒྱུར་ལག་རྩལ་གྱིས་སྨན་པ་དང་ནད་པའི་དབར་སྦྲེལ་ཟམ་སྐྲུན་བཞིན་ཡོད་ཅེས་དཔེར་དྲངས་ནས་བརྗོད།
མིག་སྔར། བོད་སྐད་རིག་ནུས་ལག་རྩལ་དེ་ཙིག་རྟགས་དང་རྣ་ཉན་ཡིག་སྒྱུར་སོགས་དུད་སྣེའི་ཐོན་རྫས་སུ་སྤྱོད་བཞིན་ཡོད། ཁོང་གིས་ཐོན་རྫས་དེ་དག་དམངས་ཚོགས་དང་ཁ་འབྲལ་ཐབས་མེད“འཚོ་བའི་ལས་རོགས”སུ་འགྱུར་བ་བྱེད་པར་འབྲེལ་ཡོད་ཐོན་རྫས་གསར་སྤེལ་ཐོན་སྐྱེད་དང་ཁྲོམ་ར་ཅན་སོགས་ཀྱི་དངོས་ཡོད་གནད་དོན་སྔར་བཞིན་ཐག་གཅོད་བྱེད་དགོས་ཞེས་བཤད།
ཉི་མ་བཀྲ་ཤིས་ཀྱིས་རྨང་གཞིའི་དཔེ་དབྱིབས་ཤིག་ཡིན་པའི་ངོས་ནས། “ཉི་འོད་བོད་ཡིག”གིས་མཐའ་མཚམས་བཅོས་སྐྱོང་དང་། རིག་གནས་ཡུལ་སྐོར། ཞིང་འབྲོག་ཚན་ཞིབ་སོགས་ཁྱབ་ཁོངས་མང་པོར་མཐུན་རྐྱེན་སྦྱར་ནས་ཐད་ཀར་བེད་སྤྱོད་ཐུབ་རྒྱུ་རེད་ཅེས་བརྗོད། ཁོང་གིས་མཚོ་བོད་མཐོ་སྒང་གི་ཁྱབ་ཁོངས་ཡོངས་ཀྱི་གཞི་གྲངས་ཐོན་ཁུངས་དང་ཤེས་བྱའི་དཔེ་རིས་རྒྱུན་ཆད་མེད་པར་འཛུགས་པ་དང་། དཔེ་དབྱིབས་ཆེན་པོའི་ལག་རྩལ་རིམ་འཇུག་བྱེད་པ། དཔེ་དབྱིབས་ཆེན་པོའི་ཁྲོམ་ར་ཅན་གྱི་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱེད་པ་བཅས་བྱས་པ་བརྒྱུད། སླད་ཕྱིན“ཉི་འོད་བོད་ཡིག”ལ་གཞིགས་ནས“བོད་ལྗོངས་ཀྱི་དཔེ་དབྱིབས་ཆེན་མོ”བསྐྲུན་ནས་ཁྱབ་རྒྱ་དེ་བས་ཆེ་བའི“མཚོ་བོད་དཔེ་དབྱིབས་ཆེན་མོ”འཛུགས་པ་དང་། དཔེ་དབྱིབས་ཆེན་པོ་དེ་དག་ལ་གཞིགས་ནས་ཡུག་གཅིག་སྦྲེལ་བའི་དཔེ་དབྱིབས་རབ་དང་རིམ་པ་བསྐྲུན་ཏེ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་། རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས་སྐུལ་འདེད་བཏང་ཡོད།