ཟླ7པའི་ཚེས22ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ཤིང་། ལོ་སྟོད་ཀྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་བབ་ལ་དབྱེ་ཞིབ་བྱས་པར་མ་ཟད། ལོ་སྨད་ཀྱི་བྱ་བ་གཙོ་བོའི་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་གི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་མོ་བྱས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་པར་མ་ཟད། ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཤིང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ལ། ལས་གཞི་གལ་ཆེན་ལ་དམིགས་ནས་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་རྐྱེན་སྲོལ་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་བ་དང་། ཐོན་ལས་གཙོ་བོར་དམིགས་ནས་མཁོ་འདོན་ཇེ་ཆེ་དང་དགོས་མཁོ་རྒྱ་བསྐྱེད་པར་མ་ཟད། མུ་ཕྲེང་གཙོ་བོའི་ཁེ་ལས་ལ་དམིགས་ནས་མུ་ཕྲེང་ཇེ་དྲག་དང་མུ་ཕྲེང་གསབ་པ། མུ་ཕྲེང་སྣུར་སྲིང་བཅས་བྱས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་སྲིད་ཇུས་ལེགས་སྒྱུར་དང་ཁེ་ལས་ལ་རོགས་བྱས་ཏེ་ཁྲོམ་ར་གཏན་འཇགས་ཡོང་བར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཐད་བརྟན་ཐོག་སྤུས་འདེགས་དང་བརྟན་ཐོག་ཡར་འཕེལ་ཡོང་བ་བཅས་བྱས་ནས་བདེ་བླག་ངང་དམིགས་འབེན་ཕྱེད་ཀ་ལས་མང་བ་མངོན་འགྱུར་བྱས་པ་དང་། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ལ་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོ་མངོན་ཡོད།
གྲོས་ཚོགས་ལས་ལོ་སྨད་ནི་ལོ་ཧྲིལ་བོའི་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གནས་བབ་ལ་ངོས་འཛིན་ཡང་དག་བྱེད་པ་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། བརྟན་ཐོག་ཡར་འཕེལ་དང་སྤུས་འདེགས་ཕན་སྐྱེད་རྒྱུན་འཁྱོངས་བྱེད་པ། ཆུ་ཚད་མཐོ་བའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་གལ་ཆེན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་འགན་འཁྲི་གལ་ཆེན་བཅས་ལ་དམིགས་ནས། ལས་ཞུགས་བརྟན་པོ་དང་ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་ཤུགས་སྣོན་པ་དང་། མཁོ་འདོན་དང་དགོས་མཁོ། སྲིད་ཇུས། ཁྲོམ་ར། ས་ཁུལ་བཅས་ཕྱོགས་ལྔའི་ཤུགས་འདོན་ནུས་པ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་བརྟན་ཐོག་ལེགས་འཕེལ་གྱི་གནས་བབ་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་བསྐྱེད་དགོས། ནུས་ཤུགས་ཆེན་པོས་དངུལ་གཏོང་ཇེ་ཉུང་དུ་འགྲོ་བའི་གནས་བབ་ལེགས་བཅོས་བྱེད་པ་དང་ནུས་ལྡན་ངང་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་ཚད་ཇེ་མང་དུ་གཏོང་བ། ཚོང་འགུག་དངུལ་འདྲེན་གྱི་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། དམངས་ཁྲོད་དངུལ་གཏོང་གི་ནང་གནས་སྒུལ་ཤུགས་བསྐྱེད་པ། བཟོ་བཀོད་ལས་རིགས་ལ་མ་དངུལ་གཏོང་ཤུགས་བསྐྱར་འཕར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ནོར་སྲིད་མ་དངུལ་གྱི་སྐུལ་འདེད་ཕན་འབྲས་ཆེ་རུ་གཏོང་དགོས། འཛད་སྤྱོད་ཀྱི་སྤུས་འདེགས་ཤོང་སྐྱེད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་རིག་གནས་ཡུལ་སྐོརIPཡི་ཁྱབ་འགྱེད་སྐུལ་ཁྲིད་ཕན་འབྲས་ཆེ་རུ་གཏོང་བ། རྨང་གཞིའི་འཛད་སྤྱོད་ཀྱི་གཞི་རྩའི་གནས་བབ་བརྟན་པོ་ཡོང་བར་བྱེད་པ། གསར་དར་འཛད་སྤྱོད་ལས་རྣམ་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། ཞབས་ཞུའི་ལས་རིགས་ཀྱི་ལས་གཉེར་བྱེད་པོའི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། ནང་མཁོའི་ཁྲོམ་རར་གསོན་ཤུགས་རྒྱས་པར་བྱེད་དགོས། ནུས་ཤུགས་ཆེན་པོས་བཟོ་ལས་ཀྱི་གཞི་རྩའི་གནས་བབ་བརྟན་པོ་ཡོང་བར་བྱེད་པ་དང་། བཟོ་ལས་དཔལ་འབྱོར་གྱི“1351”བཀོད་གཏོང་རྐྱེན་སྲོལ་དོན་འཁྱོལ་ནན་མོ་བྱེད་པ། གཞི་ཁྱོན་ཡན་གྱི་བཟོ་ལས་དང་ཁེ་ལས་གཙོ་བོའི་ཐོན་ཚད་བརྟན་པོ་ཡོང་བར་གནད་འཁེལ་བཀོད་གཏོང་དང་འགན་སྲུང་བྱེད་པ། བཟོ་ལས་ལས་གཞིའི་འཕར་ཚད་ཇེ་མགྱོགས་སུ་གཏོང་བ། སྟོབས་ཤུགས་ཡོད་རྒུས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཆེ་རུ་བསྐྱེད་པ་བཅས་བྱས་ཏེ། བཟོ་ལས་ཁེ་ལས་རིམ་བཞིན་གསོ་སྐྱོང་དང་སྟོབས་ཆེར་གཏོང་དགོས། ཞིང་ལས་ཀྱི་ཐོན་ཚད་བརྟན་པོ་དང་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། འབྲུ་སྣུམ་གྱི་ཐོན་ཚད་བརྟན་པོ་དང་ཡོང་འབབ་འགན་ལེན་དམ་འཛིན་བྱེད་པ། ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་བྱས་ནས་གྲོང་གསེབ་དར་སྤེལ་གྱི་འཕེལ་རྒྱས་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ནུས་ཤུགས་ཆེན་པོས་བྱ་བའི་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་། དབྱེ་ཞིབ་བཀོད་གཏོང་དང་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཁྱབ་ཁོངས་གཙོ་བོའི་ཉེན་ཁ་འགོག་སེལ་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་ཞོད་འགོག་གནོད་འཕྲི་རྒུད་སྐྱོབ་སོགས་ཀྱི་བྱ་བར་གཅིག་འདོམས་དམ་འཛིན་བཅས་བྱས་ཏེ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་འགན་ལེན་བྱས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ལེགས་པོ་རྩོམ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི2026ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ལག་བསྟར་གནས་ཚུལ་གྱི་སྙན་ཞུར》གྲོས་ཞིབ་བྱས་ཏེ་རྩ་དོན་སྟེང་གྲོས་འཆམ་བྱུང་བ་དང་། གོ་རིམ་ལྟར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་བྱེད་རྒྱུར་སྤྲོད་རྒྱུའི་ཐག་བཅད་པ་མ་ཟད། 《ཞིང་ཆེན་སྲིད་གཞུང་གི་དུས་ཚིགས་གསུམ་པའི་བྱ་བའི་གཙོ་གནད》ལ་གྲོས་ཞིབ་བྱས་ཏེ་རྩ་དོན་སྟེང་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།