གསར་འགོད་པས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཚེས22ཉིན་འཚོགས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དང་པོ་ནས་དྲུག་པའི་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་སྣོན་ལས་ཞུགས་མི་གྲངས་ས་ཡ་དྲུག་འབུམ་དགུ་ཁྲི་ལྔ་སླེབས་པ་དང་། ལས་ཞུགས་ཀྱི་གནས་བབ་སྤྱིའི་ཆ་ནས་བརྟན་བརླིང་རེད། ད་ལོའི་ལོ་སྟོད་དུ་ནུས་ཤུགས་ཆེན་པོས་ལས་བརྟན་ཤོང་སྐྱེད་སྤུས་འདེགས་འགུལ་སྐྱོད་ཇུས་གཞི་སོགས་ལས་ཞུགས་གཏན་འཇགས་ཀྱི་སྲིད་ཇུས་ཕྱིར་བཏོན་ནས། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་སྤེལ་བཏང་བ་དང་། གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་མཐོར་འདེགས་གསོ་སྦྱོང་ལག་བསྟར་བྱས་ཤིང་། མི་ཐབས་རིག་ནུས་དང་སྔོན་ཐོན་བཟོ་སྐྲུན། ནུས་ཁུངས་གསར་པའི་རླངས་འཁོར། ཁམས་གསོའི་ཞབས་ཞུ། དམའ་དབྱིངས་དཔལ་འབྱོར་བཅས་ཁྱབ་ཁོངས་ཆེན་པོ་ལྔའི་ཆེད་དོན་གསོ་སྦྱོང་སྤེལ་ལ། ཁ་གསབ་རང་བཞིན་གྱི་གསོ་སྦྱོང་མི་ཐེངས་ས་ཡ་ལྔ་འབུམ་ལྔ་ལས་བརྒལ།
ལོ་སྟོད་དུ་སྤྱི་ཚོགས་འགན་སྲུང་ལམ་ལུགས་རྒྱུན་མཐུད་ངང་ལེགས་བསྒྱུར་བྱས། ཟླ6པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ཀྱི་ནང་ཞུགས་པའི་མི་གྲངས་སོ་སོར་ཐེར་འབུམ་གཅིག་བྱེ་བ་བདུན་ས་ཡ་དྲུག་དང་དུང་ཕྱུར་གཉིས་བྱེ་བ་བཞི་ས་ཡ་དགུ དུང་ཕྱུར་གསུམ་བྱེ་བ་གཉིས་ས་ཡ་གསུམ་བཅས་ལ་སླེབས་པ་དང་། སོ་སོར་ན་ནིང་གི་དུས་མཉམ་ལས་མི་གྲངས་ས་ཡ་བཞི་འབུམ་བདུན་ཁྲི་གསུམ་དང་མི་གྲངས་ས་ཡ་བཞི་འབུམ་གསུམ་ཁྲི་ལྔ། མི་གྲངས་བྱེ་བ་གཉིས་ས་ཡ་གཉིས་འབུམ་བརྒྱད་ཁྲི་གསུམ་བཅས་འཕར་སྣོན་བྱུང་། རྒྱལ་ཡོངས་སུ་སྤྱི་ཚོགས་འགན་བཅོལ་བྱང་བུ་ཡོད་པའི་མི་ཐེར་འབུམ་གཅིག་དུང་ཕྱུར་གསུམ་བྱེ་བ་དགུ་ཡོད་པ་དང་། དེའི་ནང་གློག་རྡུལ་སྤྱི་ཚོགས་འགན་བཅོལ་བྱང་བུ་སྤྱོད་མཁན་མི་ཐེར་འབུམ་གཅིག་དུང་ཕྱུར་གཅིག་བྱེ་བ་གཅིག་ས་ཡ་བཞི་ལ་སླེབས་ཤིང་། བསྡོམས་པས་རྒྱལ་ཡོངས་རང་བཞིན་གྱི་ཞབས་ཞུ་རིགས་སྣ189ལོངས་སུ་སྤྱོད་ཀྱིན་ཡོད།