ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔྱད་གླེང་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔྱད་གླེང་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཤིང་གཏམ་བཤད། ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས།

ཟླ7པའི་ཚེས20ཉིན། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔྱད་གླེང་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་གྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱས་ཏེ། ཕུགས་རེ་ཡིད་ཆེས་བརྟན་པོ་དང་དམངས་ལ་བརྩེ་སེམས་ཟབ་པ། འགན་འཁྲིའི་ཁུར་སེམས་དྲག་པ། ལས་སྒྲུབ་ཀྱི་རྩལ་ནུས་འཇོན་པ་བཅས་ཀྱིས། སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། བསམ་བློའི་སྟོབས་ཤུགས་རླབས་ཆེན་དེ་ཏང་འཛུགས་སྐྲུན་དང་མཚོ་སྔོན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་དངོས་གནས་འགྱུར་བར་བྱེད་དགོས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཤིང་གཏམ་བཤད། ལྟེ་གནས་ཚན་ཆུང་གི་ཁོངས་མི་ལུའོ་ཏུང་ཁྲོན་དང་མགོན་པོ་བཀྲ་ཤིས། ལིའུ་ཆི་ཧྥན། དབྱང་ཧྥེང་ཁྲུན། ལིའུ་མེ་ཕིན། ཚའོ་ཅུན་བཅས་ཀྱིས“ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སྣེ་ཁྲིད་དུ་འཛིན་པ་དང་། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་ཡག་པོ་བྱས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་བརྗེ་རེས་དང་ཞིབ་འཇུག་བགྲོ་གླེང་བྱས་ཤིང། ཁོངས་མི་གཞན་དག་གིས་ཡིག་ངོས་ཀྱི་གཏམ་བཤད་སྤྲད། ཚང་མས་སློབ་སྦྱོང་གི་བརྗོད་དོན་ལ་དམ་པོར་དམིགས་ཏེ། བྱ་བའི་དོན་དངོས་དང་ཟུང་འབྲེལ་སྒོས་ངོས་འཛིན་དང་མྱོང་ཚོར། དོན་འཁྱོལ་བཅས་གླེང་། ཚོགས་འདུའི་སྟེང་ད་དུང་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གི་སློབ(གླིང)གཙོ་གཞོན་པ་ལི་དབྱི་གདན་དྲངས་ནས་ཟུར་ཁྲིད་སྙན་ཞུ་གནང་དུ་བཅུག་སྟེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་དོན་སྙིང་གལ་ཆེན་དང་ཚན་རིག་གི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་མ་ལག་ལྡན་པའི་སྒོ་ནས་རྒྱས་བཤད་བྱས།

ཚང་མའི་གཏམ་བཤད་ལ་ཉན་རྗེས། ཝུའུ་ཞའོ་ཅུན་གྱིས་ངོས་འཛིན་མྱོང་ཚོར་དང་བྱ་བའི་ཉམས་མྱོང་མཉམ་སྤྱོད་བྱས་ནས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ནི“ཟུང་འབྲེལ་གཉིས”རྒྱུན་འཁྱོངས་བྱས་ཏེ་ཏང་གི་གཞུང་ལུགས་གསར་གཏོད་ལ་སྐུལ་སྤེལ་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་དང་། ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་བློ་གྲོས་གཅིག་བསྡུས་ཀྱི་ཉིང་བཅུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། “གཏན་འབེབས་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བསྒྲུབ་ཐུབ་པར་བྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲ་པ་དང་ལག་ལེན་ལ་མཛུབ་སྟོན། བྱ་བར་སྐུལ་འདེད་བཅས་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་དགེ་མཚན་དང་བཅོས་སྐྱོང་གི་ཕན་ནུས་སུ་སྔར་ལས་ལེགས་པར་བསྒྱུར་བར་ཁག་ཐེག་བྱེད་དགོས་པར་བསྟན།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱ་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་སྤྱི་འདོམས་སུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཐོག་མཐའ་བར་གསུམ་དུ་ལག་ལེན་དོན་འཁྱོལ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་བཅས་བྱས་ནས། མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་བསྐྱོད་པར་ཁག་ཐེག་བྱེད་དགོས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། དེའི་ནང་འདུས་པའི་ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་ནས། ཏང་ཡོན་ལས་བྱེད་པའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ནན་མོ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་བཏང་ནས། ལྷག་བསམ་རྣམ་དག་དང་སྤྱོད་གཙང་འགན་འཁུར་གྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་རྒོལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། སློབ་སྦྱོང་གསོ་སྦྱོང་དང་དྲིལ་སྒྲོག་འཆད་འགྲེལ་གཏིང་ཟབ་དང་ཏན་ཏིག་ཡོང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་སློབ་གསོ་དང་སྐབས་བརྗེའི་འདེམས་བསྐོ། སྤུས་ཚད་མཐོ་བའི་འཕེལ་རྒྱས། བདེ་འཇགས་ཐོན་སྐྱེད། འབྲུབ་འགོག་གནོད་འགོག དམངས་འཚོ་འགན་སྲུང་སོགས་མིག་སྔའི་གཙོ་གནད་བྱ་བར་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱས་ནས། སློབ་སྦྱོང་གི་ཕན་འབྲས་དེ་དངོས་གནས་མཚོ་སྔོན་དེང་རབས་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།