ཟླ7པའི་ཚེས20ཉིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཁྱབ་སྒྲོག་བྱས་དོན། ད་ལོར་མཚོ་སྔོན་གྱིས་རྨོ་བསྐྱུར་ནགས་འཛུགས་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་བྱས་པའི་ཚུན་ལ། ཉམས་གསོ་དང་། འགལ་སེལ། འགན་སྲུང་། དོ་དམ་སྲུང་སྐྱོང་། ལྟ་སྐུལ་མཛུབ་སྟོན་སོགས་ལྟེ་བའི་ལྷུ་ཚིགས་དམ་འཛིན་བྱས་ཏེ། མ་ལག་འཛུགས་པ་དང་། གཞི་གྲངས་རྟོགས་པ། ཉམས་གསོ་དམ་འཛིན། དཀའ་གནད་སེལ་བ། འགན་སྲུང་ལ་ཤུགས་སྣོན་པ་སོགས་ཀྱི་གཙོ་གནད་ལས་འགན་ལ་མ་ལག་ལྡན་པའི་སྐུལ་འདེད་བཏང་ནས། རྨོ་བསྐྱུར་ནགས་འཛུགས་ཀྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་མཐོར་འདེགས་བཏང་།
མཐོ་གནས་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་བྱས་ཏེ། “གོང་འོག་མཉམ་འགུལ་བཀོད་སྒྲིག་དང་། ཁུལ་དབྱེ་རིགས་བགོས་སྐུལ་འདེད། རྒྱུན་རྣམ་ལྟ་སྐུལ་མཛུབ་སྟོན་ཕན་འབྲས་འདྲི་བ”བཅས་འཛིན་ལུང་དུ་བྱས་ནས། མཐོ་གྲང་དང་། ཐང་རྒོད། མཚོ་སྐོར་བཅས་ཀྱི་ཁྱད་པར་ཅན་གྱི་སྐྱེ་ཁམས་རྨང་གཞི་ལ་རྐང་ཚུགས་ནས། གསབ་འཛུགས་བསྒྱུར་བཀོད་དང་། འགལ་ཟླ་སེལ་བ། ཐོན་ལས་སྐྱེད་སྲིང་བཅས་ཀྱི་ལྷུ་ཚིགས་ཧྲིལ་པོ་ལོ་གསུམ་འགུལ་སྐྱོད་འཆར་གཞིའི་ནང་བཅུག་ནས། ལས་འགན་རྫོང་དང་ཞང་སོ་སོར་བགོས་པ་དང་། རྣང་ཞིང་རེ་རེར་འགན་འཁྲི་ནན་མོར་དཀྲི་བ། བདག་སྐྱོང་མི་སྣ་རེ་རེར་དོན་འཁྱོལ་བྱས་ཏེ། ལྟ་ཞིབ་མ་ཐུབ་པའི་ས་མེད་པ་དང་། ཉིན་རྒྱུན་དོ་དམ་སྟོང་བར་མི་ལུས་པ་ས་ཁོངས་ཡོངས་སུ་སྐུལ་འདེད་གཏོང་བ་མངོན་འགྱུར་བྱུང་། གཙོ་གནད་ས་ཁོངས་ལ་དམིགས་ནས་རིགས་དབྱེ་ཇུས་བསྟར་བྱས་ཏེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྣེ་མོ་ཧུང་ས་ཁོངས་ཀྱིས་འཕང་འབྲས་ཀྱི་ཞན་འགྱུར་ས་ཆའི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྟོབས་ཤུགས་བཏོན་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྟར་བུའི་ནགས་ཚལ་སྤུས་འདེགས་ཕན་སྤར་ལ་དམ་པོར་དམིགས་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ནགས་ཚལ་དང་འབྲོག་ས་མཉམ་འདྲེས་ས་ཆར་དོ་དམ་དང་ཚོད་འཛིན་བྱེད་དཀའ་བའི་གནད་དོན་ནུས་ཤུགས་ཡོད་རྒུས་སེལ་བ། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གྱིས་རྨོ་ཞིང་དང་ནགས་ཚལ་རིམ་བརྩེགས་ཀྱི་འགལ་བ་ཐག་གཅོད་ལ་གཅིག་གྱུར་འཆར་འགོད་བྱས་པ། མཚོ་སྔོན་ཞིང་ཆེན་གཙང་གསུམ་སྡེ་ཚོགས་ཚད་ཡོད་འགན་འཁྲི་ཀུང་སིས་རྒྱ་ཁྱོན་ཆེ་བའི་ཞན་འགྱུར་ནགས་ས་གསབ་འདེབས་ལ་སྟོབས་ཤུགས་བཏོན།
དེའི་བརྒྱུད་རིམ་ཁྲོད། འོས་འཚམ་གྱི་སར་འོས་འཚམ་གྱི་སྡོང་བོ་འཛུགས་པ་དང་། རིགས་དབྱེའི་བཅོས་སྐྱོང་། ལྟ་སྲུང་མཉམ་སྒྲུབ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ས་ཁོངས་ཡོངས་སུ་གསབ་འདེབས་དང་ལྗང་སྒྱུར་བྱེད་པར་སྐུལ་འདེད་བཏང་བ་དང་། མཚོ་སྔོན་སྤྲིན་གསོམ་དང་། སྟར་ཚེར། བྲ་མ་སེར་པོ་སོགས་ཡུལ་སའི་ཐན་བཟོད་སྡོང་རིགས་སྔོན་ལ་བདམས་ཏེ། ས་ཁོངས་དབྱེ་བ་དང་། སྐོར་ཐེངས་དབྱེ་སྟེ་ཆད་ལུས་ཞིབ་བཤེར་གྱིས་གསབ་འཛུགས་བྱས་པར། མཚོ་ལྷོ་ཁུལ་གྱིས་ས་མུའུ2854(ས་མུའུ1≈སྤྱི་ཆིང0.0667)ལེགས་འགྲུབ་བྱས་པ་དང་། མཚོ་ནུབ་ཁུལ་གྱིས་ས་མུའུ6046དོན་འཁྱོལ་ལག་བསྟར་བྱས། ཟི་ལིང་གྲོང་ཁྱེར་གྱིས་རིམ་རྩིས་ཀྱིས་ས་མུའུ8663ལ་གསབ་འཛུགས་ལེགས་འགྲུབ་བྱས་པ། རྨ་ལྷོ་ཁུལ་གྱིས་ས་མུའུ5127.3གྱི་ལོ་འཁོར་མོའི་གསབ་འཛུགས་ཀྱི་ལས་འགན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ས་མུའུ7776ལ་གསབ་འདེགས་ལེགས་འགྲུབ་བྱས། དུས་མཚུངས་སུ། སྟར་སྡོང་གི་གྲུབ་ཚུལ་སྣ་རྐྱང་ཡིན་པ་དང་། ཐོན་ཚད་དམའ་བའི་འབུར་ཐོན་ཞན་ཆར་དམིགས་ནས། རྩྭ་འབྲེག་བསྐྱར་གསོ་དང་། སྡོང་རྐང་བརྗེ་ལེན། སྟུག་ཚད་སྙོམས་བཅོས་སོགས་སྣ་མང་ལག་རྩལ་ཕྱོགས་བསྡུས་ཀྱིས་བསྒྱུར་བཀོད་གནད་ཁེལ་བྱས། མཚོ་བྱང་ཁུལ་གྱིས་ཉམས་ཞན་ནགས་ས་མུའུ་ཁྲི14.88སྲོག་ཤིང་བཅོས་སྒྲིག་ཁུལ་དུ་དབྱེ་འབྱེད་གཏན་འཁེལ་བྱས་པ་དང་། རྨ་ལྷོ་ཁུལ་གྱིས་སྟར་ཚེར་ས་མུའུ3000གི་སྤུས་འདེགས་ལས་གཞིར་བརྟན་བརླིང་གིས་སྐུལ་འདེད་བཏང་ནས། ནགས་ཚལ་གྱི་སྡོང་རྐང་ཕོ་མོའི་བསྡུར་ཚད་དུས་གཅིག་ཏུ་ལེགས་བསྒྱུར་བྱས་པ་དང་། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཕྱོགས་གཉིས་སུ་གཏོང་བ་དུས་མཉམ་དུ་མངོན་འགྱུར་བྱུང་། དུས་མཚུངས་སུ། ཁོངས་ཡོངས་སུ་བདག་སྐྱོང་གི་རྨང་གཞི་བརྟན་པོར་བཏིང་བ་དང་། “མི་འགོག་གིས་རྨང་གཞི་བྱེད་པ། ལག་རྩལ་འགོག་སྲུང་གིས་གཞོགས་འདེགས་བྱེད་པ། སྒྲིག་བཀོད་ཀྱིས་འགན་སྲུང་བྱེད་པ”བཅས་ཀྱི་ལངས་གཟུགས་བདག་སྐྱོང་མ་ལག་མགྱོགས་པོར་བསྐྲུན་ཏེ། 《རྨོ་བསྐྱུར་ནགས་འཛུགས་སྲོལ་ཡིག》དང་སྤྱི་ཁྱབ་ནགས་དཔོན་གྱི་བཀའ་རྒྱ་ལག་བསྟར་ནན་མོ་བྱས་ཏེ། སྒྲིག་བཀོད་ཆ་སྡེབ་དང་མཉམ་འབྲེལ་ཁྲིམས་འཛིན་འཐུས་ཚང་དུ་བཏང་ནས། གཞི་རིམ་བདག་སྐྱོང་ཟབ་སྦྱོང་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ། །