ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་རྟོག་ཞིབ་ཚན་ཆུང་གིས་མཐོ་སྒང་མི་ཚོགས་ཀྱི་སྔོན་དཔག་ཚེ་ཚད་མཐོ་རུ་གཏོང་བའི་བྱ་བར་ཆེད་དོན་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས20ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་རྟོག་ཞིབ་ཚན་ཆུང་གིས་མཐོ་སྒང་མི་ཚོགས་ཀྱི་སྔོན་དཔག་ཚེ་ཚད་མཐོ་རུ་གཏོང་བའི་བྱ་བར་ཆེད་དོན་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་བཞུགས་མོལ་བརྗེ་རེས་བྱས་པ་བརྒྱུད། རང་ཞིང་གི་སྡོད་དམངས་ཀྱི་སྔོན་དཔག་ཚེ་ཚད་ཀྱི་ད་ལྟའི་གནས་ཚུལ་ཡོངས་དང་། འགག་རྩའི་ཤུགས་རྐྱེན་དང་རྒྱུ་རྐྱེན། མིག་སྔའི་བདེ་ཐང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་བྱ་བའི་ཕན་འབྲས་དང་མི་འདང་ས་སོགས་ཀྱི་ནང་དོན་གཙོ་གནད་དུ་བཟུང་ནས་རྒྱུས་ལོན་བྱས་པ་མ་ཟད། བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས།

རྟོག་ཞིབ་ཚན་ཆུང་གིས་མཐོ་སྒང་མི་ཚོགས་ཀྱི་སྔོན་དཔག་ཚེ་ཚད་མཐོ་རུ་གཏོང་བའི་ལྟེ་བའི་དམིགས་འབེན་ལ་དམིགས་ནས། གནད་འཁེལ་ཇུས་འདོན་དང་བརྒྱུད་རིམ་ལྡན་པའི་ངང་ཤུགས་བརྒྱབ་སྟེ། གཙོ་གནད་བྱ་བའི་ལས་འགན་སྣ་ཚོགས་ཁྱོན་ཡོངས་ནས་དམ་འཛིན་ཏན་ཏིག་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས། མཐོ་སྒང་མང་ཚོགས་ཀྱི་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་བདེ་ཐང་གི་དགོས་མཁོར་དམ་པོར་དམིགས་ཏེ། སྔོན་འགོག་དང་ནད་བརྟག་སྨན་བཅོས། ལུས་གསོ། བདག་སྐྱོང་བཅས་གཞི་གཅིག་ཏུ་འགྱུར་བའི་བདེ་ཐང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། ས་བབ་མཐོ་བའི་ས་ཁུལ་དང་ཐག་རིང་འབྲོག་ཁུལ་གྱི་སྨན་བཅོས་ཐོན་ཁུངས་ཞན་པའི་ཞན་ཆར་དམིགས་ནས། སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་ཤོང་ཚད་ཆེ་རུ་གཏོང་བ་དང་བཀོད་སྒྲིག་དོ་སྙོམས་ཡོང་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། གཞི་རིམ་མང་ཚོགས་ཀྱིས་ཐག་ཉེ་སར་སྨན་བཅོས་བྱེད་པ་དང་སྟབས་བདེའི་སྨན་བཅོས་ཐབས་ལམ་ཤར་གཏོང་ཐུབ་པ་བྱས་ཏེ། མཐོ་སྒང་ས་ཁུལ་གྱི་སྨན་བཅོས་མཁྲེགས་ཆས་སྒྲིག་བཀོད་ཀྱི་ཞན་ཆ་ཕྱོགས་ཡོངས་ནས་གསབ་དགོས། མཚོ་སྔོན་གྱི་དགོས་མཁོར་གཞིགས་ནས། སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ཉར་སྤྱོད་དང་རང་ས་གནས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་སྨན་བཅོས་མི་སྣའི་གླ་ཕོགས་དང་གོ་མིང་སྤར་བ། ཕུལ་བྱུང་དཔྱད་འདེམས་དང་སྔོན་ཐོན་དཔྱད་འདེམས་བཅས་ཀྱི་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། གནས་ཐུབ་པ་དང་སྤྱོད་ཐུབ་པ། ལག་རྩལ་བྱང་ཆུབ་པ། སྤྱོད་ཚུལ་དྲང་བ་བཅས་ཀྱི་བྱང་ཚད་མཐོ་བའི་རང་ས་གནས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་རྐང་འཛིན་པར་འགྱུར་བར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི“བསམ་བཀོད་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ་དང་། སྡེ་ཁག་གི་བཀག་རྒྱ་གཏོར་བ། བདེ་ཐང་སྲིད་ཇུས་དང་ཁོར་ཡུག་སྲུང་སྐྱོབ། ཐོན་ལས། སློབ་གསོ། གྲོང་གསེབ་དར་སྤེལ། འཕྲལ་བསྟུན་དོ་དམ་སོགས་ཀྱི་སྲིད་ཇུས་མཉམ་འདྲེས་གཏིང་ཟབ་དང་མཉམ་ཤུགས་འདོན་པར་སྐུལ་འདེད་གཏོང་བ། སྡེ་ཁག་ལས་བརྒལ་བའི་མཉམ་གྲོས་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པའི་བྱ་བའི་འགྲིལ་ཤུགས་ཆགས་པར་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།