སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ནུས་གྲོན་སྔོན་ལ་འཇོག་པའི་བྱེད་ཕྱོགས་དོན་འཁྱོལ་ནུས་ལྡན་བྱས་ཏེ། ནུས་གྲོན་བྱེད་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་སོ་སོར་ཁྱབ་པར་བྱས་ནས་ནུས་ཁུངས་གྲོན་ཆུང་ཅན་གྱི་སྤྱི་ཚོགས་གང་མགྱོགས་ཀྱིས་གྲུབ་པར་བྱེད་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོར། རང་རྒྱལ་གྱིས་གཙོ་གནད་ཁྱབ་ཁོངས་ཀྱི་ནུས་གྲོན་ཐཱན་ཉུང་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ནུས་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་མངོན་གསལ་གྱིས་ཇེ་མཐོར་སོང་སྟེ། ལྗང་མདོག་ཐོན་སྐྱེད་འཚོ་བའི་རྣམ་པ་མགྱོགས་མྱུར་ངང་གྲུབ།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཚུགས་པའི་ལོར། ནུས་གྲོན་ཐཱན་ཉུང་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་།
སྐར་མ1རེའི་ནང་རྒྱལ་ཡོངས་ཀྱི་སླར་སྐྱེས་ཐུབ་པའི་ནུས་ཁུངས་ཀྱི་གློག་གཏོང་ཚད་ཏུའུ་ས་ཡ་དྲུག་འབུམ་བརྒྱད་ཡིན་ལ། སླར་སྐྱེས་ཐུབ་པའི་ནུས་ཁུངས་ཀྱི་གློག་འདོན་འཕྲུལ་འཁོར་གྱིས་འཕྲུལ་འཁོར་ཡོངས་ཀྱི་ཁྲོད་ཟིན་པའི་བསྡུར་ཚད་བཅུ་ཆའི6ལས་བརྒལ།
ཆུ་ཚོད་གཅིག་རེའི་ནང་། རྒྱལ་ཡོངས་ཀྱི་ནུས་ཁུངས་གསར་པའི་རླངས་འཁོར་ཉིས་སྟོང་ལས་བརྒལ་བ་ལེགས་གྲུབ་བྱུང་པ་དང་། ཟླ6པར་ནུས་ཁུངས་གསར་པའི་རླངས་འཁོར་གསར་པ་ཕྱིར་འཚོང་བྱེད་ཚད་དེ་རླངས་འཁོར་གསར་པའི་ཕྱིར་འཚོང་བྱེད་ཚད་ཀྱི་བརྒྱ་ཆའི་དྲུག་ཅུ་ཙམ་ལ་སླེབས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རང་རྒྱལ་གྱི་སྒོར་ཁྲི་ཡི་རྒྱལ་ནང་ཐོན་སྐྱེད་སྤྱི་འབོར་གྱི་ནུས་ཁུངས་ཟད་གྲོན་རིམ་རྩིས་བྱས་ན27.2%མར་ཆག དེ་ནི་རྒྱལ་ཡོངས་སུ་ཚད་ལྡན་རྡོ་སོལ་གྱི་ནུས་ཁུངས་སྤྱོད་ཚད་ཏུན་ཐེར་འབུམ་གཅིག་དུང་ཕྱུར་བཞི་ཡིས་ཇེ་ཉུང་དུ་སོང་བ་དང་འདྲ་ལ། དབྱང་གཉིས་ཐཱན་རྫས་ཕལ་ཆེར་ཏུན་ཐེར་འབུམ་གསུམ་ཉུང་གཏོང་བྱས་པ་དང་མཚུངས། ཀྲུང་གོ་འདི་ཉིད་འཛམ་གླིང་གི་ནུས་གྲོན་བྱེད་ཚད་ཆེས་མགྱོགས་ཤོས་ཡིན་པའི་རྒྱལ་ཁབ་ཀྱི་གྲས་སུ་ཚུད།
བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ནུས་གྲོན་ཐཱན་ཉུང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་། 2014ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཛམ་གླིང་དུ་ཡོངས་ཁྱབ་ཀྱིས་ནུས་ཁུངས་གྲོན་ཆུང་བྱེད་རྒྱུ་དེ་གསར་སྤེལ་ལས་ཀྱང་སྔོན་ལ་འཇོག་པའི་ནུས་ཁུངས་ཀྱི་འབྱུང་ཁུངས་ལ་བརྩིས་ཏེ། རྡོ་སོལ་དང་རྡོ་སྣུམ། རང་བྱུང་སོལ་རླངས། འགྱུར་རྡོ་མ་ཡིན་པའི་ནུས་ཁུངས་བཅས་ཕུད་པའི་ནུས་ཁུངས་ལྔ་པ་ཞེས་བརྗོད་བཞིན་ཡོད་པས། འདུ་ཤེས་འདི་ཁྱབ་གདལ་གཏོང་བར་རིན་ཐང་ཆེན་པོ་ལྡན་ཞེས་བསྟན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་འགྲེལ་བཤད་གནང་སྐབས། ཁོང་གིས་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་རོལ་སྟངས་གྲུབ་པར་སྐུལ་འདེད་གཏོང་རྒྱུ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་ཞེས་ནན་གྱིས་བསྟན།
2020ལོར། ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱེད་པར་འཐབ་ཇུས་ཀྱི་ཇུས་ཆོད་གལ་ཆེན་བཏོན་ཏེ། དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་བྱེད་ཚད2030ལོའི་སྔོན་ལ་ཐཱན་རྩེར་སོན་དུ་སླེབས་པར་བརྩོན་ལེན་བྱ་རྒྱུ་དང་། 2060ལོའི་སྔོན་དུ་ཐཱན་སྙོམས་སྦྱོར་མངོན་འགྱུར་ཡོང་རྒྱུ་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་ཁྱབ་ཁོངས་སོ་སོར་ནུས་གྲོན་ཐཱན་ཉུང་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་བླང་བྱ་སྔར་ལས་མཐོན་པོ་བཏོན། ས་གནས་རེ་རེར་གཟིགས་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོལ་རྒྱུན་ཐོན་ལས་ཀྱི་ནུས་གྲོན་ཐཱན་ཉུང་སྒྱུར་བཀོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ལྗང་མདོག་ཐཱན་ཉུང་ཐོན་ལས་ཇེ་སྟོབས་ཇེ་ལེགས་སུ་གཏོང་བ་དང་། ལྗང་མདོག་ཐོན་ལས་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། རྒྱུན་མཐུད་ཐུབ་པའི་ཐོན་སྐྱེད་འཚོ་བ་རོལ་སྟངས་མགྱོགས་མྱུར་ངང་གྲུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝང་ཅིན་ནན་གྱིས་བཤད་རྒྱུར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་བྱེད་ཚད་ཇེ་ཉུང་དུ་གཏོང་བ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ནི་གཞན་གྱིས་ང་ཚོར་སྒྲུབ་ཏུ་བཅུག་པ་མ་ཡིན་པར། ང་ཚོ་རང་ཉིད་ཀྱིས་བསྒྲུབ་དགོས་པ་ཞིག་ཡིན་ཞེས་ནན་གྱིས་བསྟན། སྤྱི་ཁྱབ་ཧྲུའུ་ཅིའི་ཆོད་གཏམ་གལ་ཆེན་འདིས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གཉིས་ནི་རང་རྒྱལ་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བའི་ནང་གནས་ཀྱི་བླང་བྱ་ཡིན་པར་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་གདམ་ག་ཞིག་ཀྱང་ཡིན་པ་གསལ་བཤད་གཏིང་ཟབ་གནང་། མིག་སྔར་གོ་ལ་ཧྲིལ་པོའི་གནམ་གཤིས་ཇེ་དྲོད་དང་། ནུས་ཁུངས་གྲུབ་སྟངས་ལ་སྙོམས་སྒྲིག་དང་འགྱུར་ལྡོག་གཏིང་ཟབ་འགྲོ་བའི་རྒྱབ་ལྗོངས་འོག ནུས་གྲོན་ཐཱན་ཉུང་གི་དོན་སྙིང་གལ་ཆེན་སྔར་ལས་མངོན་གསལ་ཡིན་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་པོ་དང་འཐབ་ཇུས་ཀྱི་གཟིགས་རྒྱ་ཡངས་པ་ལེགས་པོར་མཚོན་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་འཐབ་ཇུས་ཀྱི་ཕྱོགས་སུ་བསྐྱོད་དེ། ནུས་གྲོན་ཐཱན་ཉུང་ལ་སྐུལ་འདེད་གཏོང་བའི་རྩེ་རིམ་ཇུས་འགོད་དང་སྲིད་ཇུས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྔ་རྗེས་སུ་བཏོན། ལྗང་མདོག་ཐཱན་ཉུང་གི་ཚོད་འཛིན་རང་བཞིན་གྱི་སྟོན་གྲངས་དེ་རྒྱལ་ཁབ་ཀྱི་དུས་ཡུན་རིང་པོའི་འཕེལ་རྒྱས་འཆར་འགོད་ནང་བཅུག་སྟེ《“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཐཱན་རྩེར་སོན་གྱི་འགུལ་སྐྱོད་ཇུས་གཞི》བཏོན་པ་དང་། རྡོ་སོལ་དང་རྡོ་སྣུམ་འཛད་སྤྱོད་རྩེར་སོན་ཡོང་བར་སྐུལ་འདེད་གཏོང་དགོས་ལ། ནུས་ཁུངས་མ་ལག་གསར་པ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ནས་ནུས་ཁུངས་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་དགོས། མིག་སྔའི་བར། འགྱུར་རྡོ་མ་ཡིན་པའི་ནུས་ཁུངས་འཛད་སྤྱོད་ཀྱི་བསྡུར་ཚད22%སླེབས་པ་དེ། 2012ལོ་ལས་བརྒྱ་ཆའི་གྲངས་གནས10འཕར་ཡོད།
ཧི་པེ་ཀྲང་ཅ་ཁོའུ་རུ། ངར་ལྕགས་ཁེ་ལས་ཞིག་གིས་ད་ལོར་ལྗང་གློག་གིས་བཟོས་པའི་ཆིང་རླུང་སྤྱད་དེ་ངར་ལྕགས་བཙོ་སྦྱངས་ཐེངས་གཅིག་བྱས་པ་དེས། ཁེ་ལས་ཀྱིས་ལོ་གཅིག་ནང་ཐཱན་ཕྱིར་གཏོང་བྱེད་ཚད་ཏུན་འབུམ་བརྒྱད་ཀྱིས་ཇེ་ཉུང་དུ་ཕྱིན་པ་དེ་སའེ་ཧན་པཱ་ནགས་རའི་ལོ་གཅིག་གི་ཐཱན་བརྟན་ཚད་དང་གཅིག་མཚུངས་ཡིན།
ཧི་པེ་ཀྲང་ཞོན་ཚན་མཐོ་ཚན་རྩལ་ཚད་ཡོད་ཀུང་སིའི་དབུ་བཞུགས་ཆེད་མཁས་པ་དབྱང་ཡུང་ཆང་གིས་བཤད་རྒྱུར། ལག་རྩལ་དེ་ནི་ཁོར་སྲུང་ཙམ་མ་ཡིན་པར། ད་རུང་ང་ཚོའི་ཐོན་རྫས་ལ་རྒྱལ་སྤྱིའི་ཁྲོམ་རའི་ལམ་ཡིག་ལེན་དུ་བཅུག་ནས་སྔར་ལས་མཐོ་བའི་རིན་གོང་ལྟར་བཙོང་ཐུབ་སོང་ཟེར།
ནུས་གྲོན་ཐཱན་ཉུང་གིས་ཐོན་ལས་ལ་གོ་སྐབས་གསར་པ་བསྐྲུན།
མིག་སྔར། ཀྲུང་གོས་འཛམ་གླིང་སྟེང་ཆེས་ཆ་ཚང་ཡིན་པའི་ནུས་ཁུངས་གསར་པའི་སྒྲིག་ཆས་ཀྱི་ཐོན་ལས་མུ་ཕྲེང་བསྐྲུན་ཏེ། འཛམ་གླིང་གི་འོད་རྟེན་ལྷུ་ལག80%དང་། རླུང་གློག་སྒྲིག་ཆས60%ཙམ་ཐོན་སྐྱེད་བྱས། རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་རབ་བཀྲམ་གཅིག་ཁྲག་ཆེན་ལྔ་ཁྲག་ཁྲིག་བཞི་ལ་སླེབས་པ་དང་། ཉེ་བའི་ལོ་ལྔའི་རིང་། ཀྲུང་གོས་ཕྱིར་གཏོང་བྱས་པའི་རླུང་གློག་འོད་རྟེན་ཐོན་རྫས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་གཞན་དག་ལ་ཐཱན་ཕྱིར་གཏོང་བྱེད་ཚད་ཕལ་ཆེར་ཏུན་ཐེར་འབུམ་བཞི་དུང་ཕྱུར་གཅིག་གིས་ཇེ་ཉུང་དུ་བཏང་།
ད་ལོར། ཀྲུང་དབྱང་གིས《ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ཕྱོགས་བསྡུས་གདེང་འཇོག་དཔྱད་ཞིབ་བྱེད་ཐབས》བཏོན་ནས། ནུས་ཁུངས་བསྲི་ཚགས་དང་ཐཱན་ཉུང་བྱ་བ་དེ་ཏང་སྲིད་འགོ་ཁྲིད་ཚན་ཁག་གི་ཕྱོགས་བསྡུས་དཔྱད་ཞིབ་ཁྱབ་ཁོངས་དུ་བཅུག་ཡོད་ཅིང་། ལྡོག་མེད་རང་བཞིན་གྱི་དཔྱད་ཞིབ་ལ་བརྟེན་ནས་ལྡོག་སྐུལ་འགན་འཁྲི་དོན་འཁྱོལ་བྱས་ཏེ། ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་བཏང་།
འཚོ་བ་སྐྱེལ་སྟངས་སྔར་ལས་ལྗང་མདོག་ཐཱན་ཉུང་ཡིན། “གསར་པ་གཉིས”ཀྱི་སྲིད་ཇུས་ལག་བསྟར་བྱས་ནས་ལོ་གཉིས་ལྷག་འགོར་བའི་རིང་དུ། རིམ་པ་དང་པོའི་ནུས་ཕྱོད་ཆུ་ཚད་ཀྱི་ཁྱིམ་སྤྱོད་གློག་ཆས་བརྗེ་བའི་བསྡུར་ཚད་དེ་བཅུ་ཆའི་དྲུག་ལྷག་ནས་བཅུ་ཆའི་དགུ་བར་འཕར་བ་དང་། གློག་གྲོན་ཆུང་བྱེད་ཚད་ཏུའུ་ཁྲག་ཁྲིག་བཞི་ལས་བརྒལ་ཡོད་ལ། འགག་གསུམ་ཆུ་ཤུགས་གློག་ཁང4ཡི་ལོ་གཅིག་གི་གློག་འདོན་ཚད་དང་མཚུངས། ད་ལོར། རང་རྒྱལ་གྱིས་ཨར་ལས་དང་འགྲིམ་འགྲུལ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས། ནུས་ཁུངས་གསར་པའི་རླངས་འཁོར་གྱི་གྲངས་འབོར་རྒྱུན་མཐུད་ངང་ཇེ་མང་དུ་གཏོང་བ་དང་། ལྗང་མདོག་དང་སྐྱིད་སྣང་ལྡན་པའི“ཁང་པ་ལེགས་པོ”གང་མགྱོགས་ཀྱིས་འཛུགས་སྐྲུན་བྱས་ཏེ། སྡོད་ཁུལ་རྙིང་པའི་ནུས་ཁུངས་གྲོན་ཆུང་སྒྱུར་བཀོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། སྒྱུར་བཀོད་བྱས་རྗེས་འཛུགས་སྐྲུན་གྱི་ནུས་ཕྱོད་ཡོངས་ཁྱབ་ངང20%ཇེ་མཐོར་གཏོང་རྒྱུ་རེད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཁྲོད། 2030ལོར་སླེབས་སྐབས། རང་རྒྱལ་གྱིས་རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་དབྱང་གཉིས་ཐཱན་རྫས་འབུད་ཚད་སླར་ཡང17%མར་ཆག་པར་བརྩོན་ལེན་བྱེད་རྒྱུ་ཡིན་པ་དང་། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་ནུས་ཁུངས་ཟད་གྲོན་ཡང10%ཡས་མས་མར་ཆག་པར་བརྩོན་ལེན་བྱེད་རྒྱུ་རེད།
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་སིའི་སི་ཀྲང་གཞོན་པ་ལི་ཐའེ་ཡིས་བཤད་རྒྱུར།
ང་ཚོས་ནུས་གྲོན་ཐཱན་ཉུང་དང་དཔལ་འབྱོར་འཕེལ་རྒྱས། ནུས་ཁུངས་བདེ་འཇགས་བཅས་བར་གྱི་འབྲེལ་བར་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་འགྱུར་རྡོ་མིན་པའི་ནུས་ཁུངས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། ངར་ལྕགས་དང་གློག་བརྟེན་ཧ་ཡང་དབྱེ་འབྱེད་སོགས་གཙོ་གནད་ལས་རིགས9ལ་དམིགས་ནས། ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་བསྒྱུར་བཀོད་འགག་སྒྲོལ་གྱི་ལོ་གསུམ་འགུལ་སྐྱོད་སྤེལ་བ་དང་། དམངས་ཡོངས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གི་ནང་གནས་སྒུལ་ཤུགས་ཆེ་རུ་བཏང་སྟེ། ལྗང་མདོག་ཐཱན་ཉུང་གི་འདུ་ཤེས་མི་སེམས་སུ་འཇགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།