ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་ཧུང་ཡོན་འབབ་ཚིགས་ཀྱི་ཁང་པའི་ཀླད་བཀབ་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

པར་འདི་ནི་ཧུང་ཡོན་འབབ་ཚིགས་ཀྱི་ཁང་པར་ཆེས་མཐའ་མཇུག་གི་ཨར་འདམ་བླུགས་པ་དང་གཙོ་གཞི་སྒྲིག་བཀོད་ཀླད་བཀབ་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས8ཉིན། གསར་འགོད་པས་ཁྲེང་ལན་ལྕགས་ལམ་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་ལྟར་ན། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་ཧུང་ཡོན་འབབ་ཚིགས་ཀྱི་ཁང་པའི་གཙོ་གཞི་སྒྲིག་གཞི་བདེ་བླག་ངང་ཀླད་བཀབ་ནས་ནང་གི་རྒྱན་བཟོ་ཨར་ལས་རིམ་པར་སླེབས། དེ་ནི་ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་སི་ཁྲོན་ལམ་དུམ་འཛུགས་སྐྲུན་བྱེད་བཞིན་པའི་གཙོ་གཞིའི་ཁང་ཀླད་ཐོག་མར་བཀབ་པའི་འབབ་ཚིགས་ཡིན། དེས་ལམ་ཐིག་ཧྲིལ་བོ་དུས་བཞིན་འཛུགས་སྐྲུན་བྱས་ནས་མེ་འཁོར་ཤར་གཏོང་བྱེད་པར་རྨང་གཞི་བརྟན་པོ་བཏིངས། ཧུང་ཡོན་འབབ་ཚིགས་མ་གཏོགས་པར་པན་ཡུས་དང་མཛོད་དགེ། ཨ་ཞུའུ། མཚོ་ཉིན་སོགས་ཀྱི་མཐོ་སྒང་གི་འབབ་ཚིགས་ཁང་བ4ཡང་བསྐྲུན་བཞིན་པའི་སྒང་ཡིན་ལ། 2026ལོར་གཙོ་གཞིའི་སྒྲིག་གཞི་ཨར་ལས་མཇུག་སྒྲིལ་ལེགས་འགྲུབ་བརྩོན་ལེན་དང2027ལོར་ཕྱོགས་ཡོངས་ནས་རྒྱན་བཟོ་ཚར་རྒྱུ་རེད།

ཧུང་ཡོན་འབབ་ཚིགས་ནི་མཚོ་འཕགས་སྨི3675ཡི་ཧུང་ཡོན་རྩྭ་ཐང་ལྟེ་གནས་སུ་བསྐྲུན་ཡོད། ཁང་བའི་གཞི་ཁྱོན་སྟེགས་བུ2དང་ལམ་ཐིག4ཡོད། ཁང་པའི་བཟོ་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ2000ལ་སླེབས། གྲང་ངར་མཐོ་ཞིང་རླུང་ཆེ་བ། དབྱང་དཀོན་པའི་ཁོར་ཡུག་དང་སྐྱེ་ཁམས་ཞན་པའི་རྐྱེན་གྱིས་རྣམ་གྲངས་ཨར་ལས་ཐད་དཀའ་སྡུག་ཆེན་པོ་བཟོས། “གྲང་ངར་མཐོ་དྲག་པས་ཨར་འདམ་གས་སླ་བས་མཐོ་སྒང་གི་རྨང་གཞི་འཛུགས་སྐྲུན་བེད་སྤྱོད་དུས་ཚོད་ཀྱི་གནད་དོན་འབུར་ཐོན་ཡིན”ཞེས་ཀྲུང་གོ་ལྕགས་ལམ་ཅུས་དགུ་བ་སྟེ་ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་གྱི་ལས་གཞི་པུའུ་ཡི་མཛུབ་སྟོན་པ་ཏུན་ལི་ཡིས་དེ་ལྟར་བཤད། ལས་གཞི་ཚོགས་པས་ཆེད་དོན་མཁྲེགས་གཏོར་ལས་དོན་སྤེལ་ནས། ཕྱོགས་གཅིག་ནས་ཨར་འདམ་སྦྱོར་ཚུལ་ཞིབ་འཇུག་བྱས་ཏེ་ཕྱོགས་ཡོངས་ནས་སྒྲིག་གཞིའི་འཁྱགས་འགོག་དང་ཡུན་རིང་སྤྱོད་ཐུབ་པ། རུལ་འགོག་ནུས་བ་མཐོ་རུ་བཏང་། ཕྱོགས་གཞན་ཞིག་ནས་དྲོད་འཛིན་རླན་བཟུང་བཅས་ཀྱི་ཆ་འགྲིག་བདག་སྐྱོང་ལག་རྩལ་མཁྲེགས་གཏོར་གྱིས་འབབ་ཚིགས་ཡོངས་ཀྱི་སྒྲིག་གཞི་ཐད་སྤྱད་པ་རེད། གདུང་ཞབས་དང་པང་ལེབ་ཞབས་སོགས་ཀྱི་སྲོལ་རྒྱུན་བདག་སྐྱོང་བྱེད་དཀའ་སར་རང་འགུལ་ཡོངས་དང་རྣམ་པ་ཀུན། ཐར་ས་མེད་པའི་རླན་བཟུང་བདག་སྐྱོང་བྱས་པས་ཚད་མཐོ་བའི་ངང་ཨར་འདམ་གས་པའི་ཉེན་ཁ་སེལ།

མིག་སྔར། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་སི་ཁྲོན་ལམ་དུམ་མགྱོགས་མྱུར་ངང་བསྐྲུན་བཞིན་ཡོད། འཛུགས་སྐྲུན་སྤྱིའི་མྱུར་ཚད55%ལས་བརྒལ། དེའི་ནང་ཟམ་པ62སྤྱིའི་ཆ་ནས་ལེགས་འགྲུབ་བྱུང་ཚད92.4%དང་དམིགས་བསལ་ཟམ་པ9ཚང་མ་བསྐྲུན་ཟིན། ཕུག་ལམ14ནང་ཕུག་ལམ9ཤར་གཏོང་བྱས་པ་དང་། གཞུང་ལམ་རྨང་གཞིའི་རྣམ་གྲངས85.6%ལེགས་འགྲུབ་བྱུང་། 

ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་ནི་རང་རྒྱལ་གྱི“འཕྲེད་བརྒྱད་གཞུང་བརྒྱད”མྱུར་བགྲོད་ལྕགས་ལམ་དྲ་བའི་ནང་ལན་ཀྲོའུ(ནུབ)ནས་ཀུང་ཐོན་བར་གྱི་གྲུབ་ཆ་གཙོ་བོ་ཡིན། ལམ་ཐིག་ཧྲིལ་བོ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་མེ་འཁོར་ཤར་གཏོང་བྱས་རྗེས། ཁྲེང་ཏུའུ་ནས་ཟི་ལིང་ལ་དུས་ཚོད4དང་ཕྱེད་ཀས་ཐོན་ཐུབ། མིག་སྔར་དང་བསྡུར་ན་དུས་ཚོད་ཕྱེད་ཀ་ཇེ་ཉུང་དུ་སོང་། ཁྲེང་ཏུའུ་ནས་མཛོད་དགེ་རྩྭ་ཐང་ཆེན་མོར་དུས་ཚོད་གཉིས་དང་ཕྱེད་ཀས་ཐོན་ཐུབ་པ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།