ཤར་ནུབ་རྒྱུད་མཉམ་ལས་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་རམ་འདེགས་དང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཕྱོགས་སུ་ནུས་པ་གལ་ཆེན་ཐོན་ཡོད། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན་ལ། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྤེལ་བའི་ལོ་དང་པོ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཉམ་ལས་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། མཉམ་ལས་བྱེད་སྟངས་ལེགས་བསྒྱུར་བྱེད་པ་དང་། མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ལྟར། མཉམ་ལས་ཞིང་ཆེན་སོ་སོས་མཉམ་ལས་ཀྱི་སྤུས་འབྲས་རྒྱུན་མི་ཆད་པར་ཇེ་མཐོར་བཏང་བ་དང་། དགེ་མཚན་གསབ་རེས་དང་ཕྱོགས་གཉིས་ནུས་འདོན། ཐུན་མོང་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་འབད་འཐབ་བྱས་ནས་འཐབ་ལམ་གསར་པ་བཏོད།
འདི་ནི་ཆིན་ལིན་ལྷོ་ངོས་ཀྱི་སི་ཁྲོན་ཆིང་ཁྲོན་རྫོང་ཡིན། ཚད་གཞི་ཅན་གྱི་ཇ་རའི་ནང་། ཀྲེ་ཅང་ཨན་ཅི་རྫོང་ནས་ཐོན་པའི“ཇ་དཀར་དང་པོ”དེ་ལོ་མང་པོའི་རིང་གི་དོ་དམ་དང་སྲུང་སྐྱོང་ཞིབ་ཚགས་བྱས་པ་བརྒྱུད་དེ། འཕྲོ་རིམ་འཕྲོར་ཐོན་འབབ་ལེགས་པའི་དུས་སུ་སླེབས་ཡོད། དེང་རབས་ཅན་གྱི་བཟོ་གྲྭའི་ནང་དུ་ཆ་ཚང་སྒོས་ནང་འདྲེན་བྱས་པའི་ཤར་རྒྱུད་རིག་ནུས་ཇ་བཟོ་ཐོན་སྐྱེད་མ་ལག་གིས་ཇ་ལོ་ལས་སྣོན་གྱི་བརྒྱུད་རིམ་ཧྲིལ་པོར་ལེགས་ཞིབ་ཅན་གྱི་དོ་དམ་ཚོད་འཛིན་ཐུབ་པར་བྱས། ད་ལྟ་ཇའི་ཐོན་ལས་དེ་ཆིང་ཁྲོན་རྫོང་གིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཐོན་ལས་གཙོ་བོར་གྱུར་ཡོད།
ལོ་མ་གཅིག་གིས་ཕྱོགས་གཅིག་ཕྱུག་པོར་བསྒྱུར། 2018ལོའི་ཟླ4པར། ཀྲེ་ཅང་ཨན་ཅི་རྫོང་ཧོང་ཏུའུ་སྡེ་བའི་ཞིང་པའི་ཏང་ཡོན20ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་སྡེ་བས་ཇ་དཀར་བཏབ་ནས་ཕྱུག་པོ་འགྱུར་བའི་གནས་ཚུལ་སྙན་ཞུ་བྱས་པ་དང་། ཇ་སྡོང་བྱེ་བ་གཅིག་ས་ཡ་ལྔ་ཞལ་འདེབས་ཕུལ་ནས་དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་དབུལ་ཐར་བྱེད་པར་རོགས་རམ་བྱ་རྒྱུའི་གྲོས་འགོ་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཡིས་མཛུབ་སྟོན་གལ་ཆེན་གནང་ནས་ཆུ་འཐུང་དུས་ཆུ་འགོ་དྲན་པ་དང་། ཏང་གི་བཀའ་དྲིན་མི་བརྗེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཏང་གི་དཀའ་ངལ་མཉམ་སེལ་དང་སྔོན་ལ་ཕྱུག་པོར་གྱུར་བས་རྗེས་སུ་ཕྱུག་པོར་འགྱུར་བར་རོགས་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དེ་དབུལ་ཐར་མཁྲེགས་གཏོར་ཐད་རྒྱལ་ཁ་ལེན་པར་དོན་སྙིང་གལ་ཆེན་ལྡན་ཞེས་ནན་གྱིས་བསྟན་ཡོད། ལོ་དེའི་ཟླ10པར“ཇ་དཀར་དང་པོའི”ཇ་སྡོང་དེ་ཀུའེ་ཀྲོའུ་དང་ཧུའུ་ནན། སི་ཁྲོན་བཅས་ཀྱི་དབུལ་ཕོངས་སྡེ་བ30ལྷག་ཙམ་ལ་གཅིག་རྗེས་གཉིས་མཐུད་ཀྱིས་དབོར་འདྲེན་བྱས། ཇའི་སྡོང་སྨྱུག་ནས་ལག་རྩལ་དང་དེ་ནས་མ་དངུལ་བར་གྱི་རི་ཀླུང་བརྒལ་བའི་རོགས་ལས་ཐེངས་རེ་རེ་ཡིས་རི་རྒོད་ཇ་རིར་འགྱུར་དུ་བཅུག་པ་དང་། མི་འབོར་ཁྲི་གཅིག་དང་སྟོང་བཞི་ལྷག་ལ་ཕན་བཏགས་ཡོད།
སི་ཁྲོན་ཞིང་ཆེན་ཀོང་ཡོན་གྲོང་ཁྱེར་ཆིང་ཁྲོན་རྫོང་ཧྲ་ཀྲོའུ་གྲོང་རྡལ་ཆིང་ཕིང་སྡེ་བའི་སྡེ་མི་ཏུའུ་པའོ་ཀྲེན་གྱིས་བཤད་རྒྱུར། ཐོག་མར་ཀྲེ་ཅང་ནས་ཡོང་བའི་ལག་རྩལ་མི་སྣས་ང་ཚོར་ཇ་སྡོང་འཛུགས་པ་དང་ཇ་ལ་དོ་དམ་བྱེད་ཐབས་ཁྲིད། ད་ལྟ། ས་ཞིང་སྐམ་མིན་དང་ནམ་ཞིག་ལ་ཡུར་མ་ཡུར་དགོས་པ། ནམ་ཞིག་ལ་ལུད་རྒྱག་པ་ཚང་མ་དྲ་ཐོག་གི་ལས་སྟེགས་ཀྱིས་གསལ་འདེབས་བྱེད་ངེས། ངེད་ཁྱིམ་ཚང་གང་བོས་ས་ཞིང་འཁོར་རྒྱུག་ལ་བརྟེན་ནས་ཇ་ཁང་དུ་ལས་ཀ་གཉེར་ཏེ་དབུལ་ཐར་ཕྱུག་འགྱུར་བྱས་ཡོད་ལ། འཚོ་བ་ལོ་རེ་བཞིན་ཇེ་བཟང་རེད།
ཤར་ནུབ་རྒྱུད་མཉམ་ལས་སྤེལ་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་ཕྱུག་བསྒྱུར་ལ་སྐུལ་འདེད་གཏོང་བར་དམིགས་ནས་བཏོན་པའི་ཇུས་ཆོད་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། དུས་རིམ་མི་འདྲ་བར་ཤར་ནུབ་རྒྱུད་རོགས་ལས་བྱ་བ་ཡག་པོ་བསྒྲུབ་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་གནང་། 2016ལོར། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་བཞུགས་མོལ་ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅིས་ངེས་པར་དུ་གནས་བབ་གསལ་རྟོགས་དང་གཙིགས་འཛིན་གནད་ཕིགས། རོགས་སྐྱོར་ཟབ་སྤེལ། ཕན་འབྲས་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན། 2021ལོར། རེས་སྐོར་གསར་པའི་ཤར་ནུབ་རྒྱུད་མཉམ་ལས་འགོ་བརྩམས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་གནས་བབ་ལས་འགན་གྱི་འགྱུར་ལྡོག་དང་འཚམ་པར་བྱེད་པ་དང་།་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པར་དམིགས་ནས། ཤར་ནུབ་རྒྱུད་མཉམ་ལས་དང་གནས་གཏན་རོགས་སྐྱོར་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས་ཞེས་ནན་གྱིས་བསྟན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན་ལ། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྤེལ་བའི་ལོ་དང་པོ་ཡང་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཤར་ནུབ་རྒྱུད་ཀྱི་ཐོན་ལས་གསབ་རེས་དང་མི་སྣ་མཉམ་འགུལ། ལག་རྩལ་སློབ་སྦྱོང་། ལྟ་བ་བརྗེ་རེས། སྤྱོད་ཚུལ་དཔེ་ལྟ་བཅས་ལ་སྐུལ་འདེད་བཏང་ནས། གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཧྥུའུ་ཅན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གྲོང་གསེབ་དར་སྤེལ་ཁ་གཏད་མཉམ་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ལིན་ལེང་ཀྲེན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ཤར་ནུབ་རྒྱུད་མཉམ་ལས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་གནང་ཡོད་པས། ང་ཚོས་“ཧྥུའུ་ཅན་གྱི་ནུས་པ་”དང་། “ཉིང་ཞའི་དགོས་མཁོ་”“ཧྥུའུ་ཅན་དང་ཉིང་ཞའི་ཁྱད་སྟོབས”བཅས་ལ་རྐང་ཚུགས་ནས། ཐོན་ལས་མཉམ་འདྲེས་ཟབ་སྤེལ་དང་དམངས་འཚོ་འགན་སྲུང་དམ་འཛིན་སོགས་བྱས་ཏེ། རྒྱལ་ཁབ་ཀྱི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་སྟོབས་ཤུགས་སྔར་ལས་མང་པོ་འབུལ་རྒྱུ་ཡིན།
ཐོན་ལས་མཉམ་ལས་ནི་ཤར་ནུབ་རྒྱུད་མཉམ་ལས་ཀྱི་གཙོ་གནད་ཁྱབ་ཁོངས་ཡིན། བར་བརྒལ་དུས་སྐབས་ནས་བཟུང་། མཉམ་ལས་ཞིང་ཆེན་གྱིས་བཏང་བའི་ནོར་སྲིད་རོགས་སྐྱོར་མ་དངུལ་གྱི་བཅུ་ཆའི་དྲུག་ལྷག་ཐོན་ལས་རོགས་སྐྱོར་ཐད་བཀོལ་བ་དང་། དེའི་ནང་གི་གཙོ་གནད་གཅིག་ནི་ཁྱད་ལྡན་ཐོན་ལས་རིམ་སྤོར་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་རེད། ཀུའེ་ཀྲོའུ་ཀྲེང་ཨན་རྫོང་ལ“པི་ཝང་གི་གྲོང་ཁྱེར”ཞེས་འབོད་པ་དང། ལོ་རེར་པི་ཝང་ས་ཡ་གཉིས་དང་འབུམ་ལྔ་ལྷག་ཐོན་སྐྱེད་བྱེད་ཐུབ། ཀོང་ཏུང་དང་ཀུའེ་ཀྲོའུ་ཡི་རོགས་ལས་ཐད་ནས“ཨའོ་མོན་གྱིས་ཇུས་འགོད་དང་། ཀྲེང་ཨན་གྱིས་ཐོན་སྐྱེད། ཧེང་ཆིན་ཕྱིར་འཚོང་བྱེད་པའི་”མ་དཔེ་འཚོལ་ཞིབ་བྱས་པ་དང་། ས་ཁུལ་གསུམ་གྱི་དགེ་མཚན་གཅིག་ཏུ་བསྡུས་ནས་ཞིབ་སྤེལ་དང་ཉོ་ཚོང་གི་ཕྱོགས་སོ་སོའི་གནད་དོན་ཐག་བཅད་དེ། མཉམ་ལས་ཚབ་ལས་ནས་རང་བརྟེན་གསར་གཏོད་བར་གྱི་མཆོང་སྐྱོད་མངོན་འགྱུར་བྱས། ད་ལོའི་ལོ་སྟོད་དུ། ཀྲེང་ཨན་རྫོང་གི་པི་ཝང་ཐོན་ལས་ཁྱུ་ཚོགས་ཀྱི་ཕྱིར་ཚོང་ཕྱིར་གཏོང་དངུལ་འབོར་སྒོར་བྱེ་བ་དགུ་དང་ས་ཡ་གསུམ་ལས་བརྒལ་བ་དང་། ཐོན་རྫས་རྒྱལ་ཁབ་དང་ས་ཁུལ40ལྷག་ཙམ་ལ་ཕྱིར་འཚོང་བྱས།
ངལ་ལས་མཉམ་ལས་ནི་ནུབ་རྒྱུད་ས་ཁུལ་གྱི་མང་ཚོགས་ལས་ཞུགས་དང་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཀན་སུའུ་ཡིས་ཧྲན་ཏུང་དང་ཐེན་ཅིན་གྱི་རྩལ་ནུས་གསོ་སྦྱོང་གི་ལེགས་ཆར་བརྟེན་ནས། སློབ་གྲྭ་དང་ཁེ་ལས། སློབ་གྲྭ་ཕན་ཚུན་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་ལ་རྩལ་ནུས་ཤེས་ལྡན་པ་མི་ཐེངས་ཁྲི་ལྔ་དང་སྟོང་བཞི་བདུན་བརྒྱ་མཉམ་ལས་གསོ་སྦྱོང་བྱས་ནས་གྲོང་གསེབ་ཀྱི་ངལ་ནུས་དེ“ལུས་ཤུགས་རྣམ་པ”ནས“རྩལ་ནུས་རྣམ་པའི”ལས་ཞུགས་ཕྱོགས་སུ་བསྒྱུར་རྒྱུར་རམ་འདེགས་བྱས་ཡོད། ལན་ཀྲོའུ་ཡི“ཅིན་ཀན་འཕུར་སྐྱོད་པ”ཞེས་པའི་དངོས་སྦྱོང་ལྟེ་གནས་སུ། སློབ་མ་ཁག་ཅིག་གིས་མི་མེད་གནམ་གྲུའི་སྒྲིག་སྦྱོར་དང་འཕུར་སྐྱོད་ཚོད་འཛིན་སློབ་སྦྱོང་བྱེད་བཞིན་འདུག སློབ་མཐར་ཕྱིན་རྗེས་ཁོ་ཚོས་གཏན་འཁེལ་བྱས་པའི་ཐེན་ཅིན་གྱི་ཁེ་ལས་སུ་ལས་ཞུགས་བྱས་ཆོག་ལ། ཀན་སུའུ་རུ་ཞིང་ལས་རྩི་ཤིང་སྲུང་སྐྱོང་དང་ཐིག་ལེན་རིས་འབྲི་སྐོར་ཞིབ་སོགས་ཀྱི་ཁྱབ་ཁོངས་ནང་ཡང་ཞུགས་ཆོག་པ་རེད།
“ཅིན་ཀན་འཕུར་སྐྱོད་པའི”རྣམ་གྲངས་སློབ་མ་ཞུས་པིན་ཧྲིན་གྱིས་བཤད་རྒྱུར། ངས་ད་ལྟCAACའབྲིང་རིམ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་མི་མེད་གནམ་གྲུའི་ལག་ཁྱེར་བླངས་ཡོད་པ་དང་། རྗེས་མར་ངས་ཐད་འཕུར་གནམ་གྲུའི་ནང་གི་མི་མེད་གནམ་གྲུའི་ལག་ཁྱེར་ལེན་འདོད་ཡོད། འདི་ནི་ལག་རྩལ་ལས་རིགས་ཀྱི་ཆེད་ལས་ཤིག་ཡིན་པས། ལག་རྩལ་ཇེ་བཟང་ནས་ཇེ་བཟང་ཡིན་ན། གླ་ཕོགས་ཀྱང་ཇེ་མཐོ་རེད།
རྒྱུན་རྣམ་ཅན་གྱི་སྒོ་ནས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ཡག་པོ་བྱས་ཏེ་དམངས་འཚོའི་བདེ་སྐྱིད་ཚོར་ཐུབ་པར་བྱེད་དགོས། འཛད་སྤྱོད་རོགས་སྐྱོར་ལ་རྒྱུན་མཐུད་ངང་ཤུགས་བསྣན་པ་དང་། ནུབ་རྒྱུད་ས་ཁུལ་གྱི་ཁྱད་ཆོས་དང་སྤུས་ལེགས་ཞིང་ཞོར་ཐོན་རྫས་སྔར་ལས་མང་བ་ཤར་རྒྱུད་ཀྱི་འཛད་སྤྱོད་ཚོང་རར་མགྱོགས་མྱུར་ངང་ཞུགས་ནས། ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱས་ཤིང་། ཤར་རྒྱུད་ས་ཁུལ་མི་དམངས་ཀྱི་འཚོ་བའི་གདམ་ག་ཡང་ཕུན་སུམ་ཚོགས་པར་བཏང་ཡོད། སློབ་གསོ་དང་སྨན་བཅོས་ཀྱི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་རྒྱུན་མཐུད་ངང་སྤེལ་ནས་ཤར་རྒྱུད་ས་ཁུལ་གྱི་སྤུས་ལེགས་ཐོན་ཁུངས་དེ་ནུབ་རྒྱུད་ས་ཁུལ་དང་གྲོང་གསེབ་ཀྱི་འཐབ་ས་དང་པོ་རུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
ད་ལྟ་ཤར་ནུབ་རྒྱུད་ཀྱི་མཉམ་ལས་དེ་ཐོག་མའི་རྣམ་གྲངས་རྐྱང་པའི་རོགས་སྐྱོར་ནས་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་མཉམ་ལས་སུ་གྱུར་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་། རང་རྒྱལ་གྱིས་ཤར་རྒྱུད་ཞིང་ཆེན8དང་ནུབ་རྒྱུད་ཞིང་ཆེན10ཡི་ཡུན་རིང་གཏན་འཁེལ་གྱི་ཆ་སྒྲིག་རོགས་སྐྱོར་འབྲེལ་བ་རྒྱུན་འཁྱོངས་བྱས་ནས། སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་དང་རོགས་སྐྱོར་བྱེད་ཤུགས་ཇེ་ཆུང་དུ་མི་འགྲོ་བར་འགན་ལེན་བྱས་ཏེ། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་སྤོ་རྒྱུ་ཡིན།