ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་གཅིག་བསྡུས་སློབ་སྦྱོང་དང་འོད་དྲོད་ལག་རྩལ་འཕེལ་རྒྱས་ཀྱི་བརྗོད་དོན་འཆད་ཁྲིད་ཚོགས། ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་དང་གཏམ་བཤད་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ7པའི་ཚེས17ཉིན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་གཅིག་བསྡུས་སློབ་སྦྱོང་དང་འོད་དྲོད་ལག་རྩལ་འཕེལ་རྒྱས་ཀྱི་བརྗོད་དོན་འཆད་ཁྲིད་ཚོགས་ཤིང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་གནང་། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུས་ཁུངས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཐད་བཏོན་པའི་མཛུབ་སྟོན་དགོངས་པ་གལ་ཆེན་དང་། མཚོ་སྔོན་བྱ་བར་རེ་གཞག་གལ་ཆེན་བྱས་པར་གཏིང་ཟབ་སྒོས་སློབ་སྦྱོང་དང་དོན་འཁྱོལ་བྱས་ནས། སྔར་བས་ངོས་འཛིན་མཐོར་འདེགས་དང་། སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། མྱུར་མགྱོགས་སྒོས་ཀྲུང་གོའི་འོད་དྲོད་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་ཏེ། ནུས་ཁུངས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།

འཆད་ཁྲིད་དུ་ཀྲེ་ཅང་སློབ་ཆེན་ཚན་རིག་ཚོད་འཛིན་དང་བཟོ་སྐྲུན་སློབ་གླིང་ཞིབ་འཇུག་པ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན། བཟོ་ལས་ཚོད་འཛིན་ལག་རྩལ་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རིན་ཅིན་ཅན་ཞང་གདན་ཞུ་བྱས་ནས་ཆེད་དོན་ཟུར་ཁྲིད་བྱེད་དུ་བཅུག ། ལུའོ་ཏུང་ཁྲོན་གྱིས་འཆད་ཁྲིད་ལ་ཉན་རྗེས་བསྟན་དོན། མྱུར་མགྱོགས་སྒོས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་འཛུགས་སྐྲུན་བྱེད་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གནང་བའི་འོས་འགན་འགངས་ཆེན་ཡིན། འོད་དྲོད་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་ནི་མཚོ་སྔོན་གྱི་འཕེལ་རྒྱས་གལ་ཆེན་གྱི་གོ་སྐབས་ཡིན་པར་མ་ཟད། ཚད་གཞི་སྔར་ལས་མཐོ་བའི་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་བསྐྲུན་པ་དང་། རྒྱལ་ཁབ་ཐཱན་གཉིས་འཐབ་ཇུས་ལ་ཞབས་ཞུ་བྱེད་པའི་ཁ་ཚ་དགོས་གཏུག་གི་བྱ་བ་ཡིན། ཏན་ཏན་གྱིས་འོད་དྲོད་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་འགན་འཁྲི་འདུ་ཤེས་དང་ཛ་དྲག་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། འོད་དྲོད་ཐོན་ལས་འཕེལ་རྒྱས་དམིགས་འབེན་འོས་འགན་དམ་འཛིན་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་འོད་དྲོད་གློག་འདོན་གཞི་ཁྱོན་ཅན་དང་། གླིང་ཁུལ་ཅན། ཁྲོམ་ར་ཅན་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས། ཅི་ནུས་ཀྱིས་འོད་དྲོད་ཐོན་ལས་དེ་ཞིང་ཆེན་ཡོངས་ཀྱི་གསར་དར་འདེགས་སྐྱོར་ཐོན་ལས་སུ་བསྒྱུར་དགོས། གོམ་གང་མདུན་སྤོས་ཀྱིས་གཞི་ཁྱོན་དགེ་མཚན་ཇེ་ཆེར་བཏང་ནས། མྱུར་མགྱོགས་སྒོས་འོད་དྲོད་ཐོན་ལས་སྦྲེལ་མཐུད་ཡོངས་ཀྱི་སྡེ་ཚོགས་གསོ་སྐྱོང་བྱེད་དགོས་ལ། ཚྭ་མཚོའི་ཐོན་ཁུངས་མཉམ་ལས་འཕེལ་རྒྱས་གཏོང་བ་དམ་འཛིན་བྱས་ཏེ། སྦྲེལ་ཐག་གཙོ་བོའི་ཁེ་ལས་གསོ་སྐྱོང་བྱེད་པར་ཤུགས་བསྣན་ནས། འོད་དྲོད་སྒྲིག་ཆས་བཟོ་སྐྲུན་ལ་དམིགས་ནས་བསྲིངས་མཐུད་དང་གསབ་མཐུད། ཧྲག་མཐུད་བྱེད་དགོས། ཧུར་ཐག་གིས་སྣ་མང་བཀོལ་སྤྱོད་ཁོར་ཡུག་རྒྱ་སྐྱེད་བཏང་ནས། འོད་དྲོད་དང་ཚྭ་མཚོ་རྫས་འགྱུར་བཟོ་ལས། མདོག་ལྡན་བཞུ་སྦྱངས་མཐུན་སྦྱོར་ཟབ་མོ་བྱས་ཏེ། ཁྱོན་ཡོངས་ནས་ལྗང་གློག་གློག་ཁུངས་ཀྱི་ཚོད་ལྟ་ལྟེ་གནས་བསྐྲུན་པ་དང་། འོད་དྲོད་དང་རྩིས་ཤུགས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་མཚོན་གསོ་སྐྱོང་བྱེད་དགོས། གསར་གཏོད་སྣེ་ཁྲིད་དང་སྒོ་འབྱེད་མཉམ་ལས་ཇེ་དྲག་ཏུ་བཏང་ནས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་མཐོ་སའི་འོད་དྲོད་ལག་རྩལ་གྱི་གསར་གཏོད་ལྟེ་གནས་ལ་བརྟེན་ཏེ། གཅིག་བསྡུས་སྒོས་ཐོན་ལས་ཀྱི་སྲོག་ཤིང་ལག་རྩལ་གྱི་འགག་རྩ་གཏོར་དགོས་ལ། ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག་གསུམ་མཉམ་སྒྲུབ་གསར་གཏོད་བྱེད་པ་ཟབ་སྤེལ་བྱས་ནས། ཚན་ཞིབ་གྲུབ་འབྲས་ས་གནས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། བསམ་བཀོད་གཅིག་གི་དགོངས་པས་འོད་དྲོད་ཐོན་ལས་འཆར་འགོད་བཀོད་སྒྲིག་དང་། སྲིད་ཇུས་འདོན་སྤྲོད། རྣམ་གྲངས་སྙོམ་སྒྲིག  དགོས་མཁོ་འགན་སྲུང་བཅས་བྱེད་པར་སྤྱི་འདོམས་བྱས་ཏེ། བྱ་བའི་འགན་ཁུར་དམ་འཛིན་དངོས་འབེབས་བྱེད་དགོས། འོད་དྲོད་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་འཛུགས་སྐྲུན་བྱེད་པ་དེ་སྐས་རིམ་གསར་བ་ཞིག་ཏུ་སྐུལ་འདེད་གཏོང་དགོས།

འཆད་ཁྲིད་ཀྱི་སྔོན་དུ། ལུའོ་ཏུང་ཁྲོན་གྱིས་ཅིན་ཅན་ཞང་འཁོར་དང་བཅས་པར་ཐུག་འཕྲད་གནང་ཞིང་། ཀྲང་ཅིན་ཀང་འཆད་ཁྲིད་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།