ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་འཚོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས17ཉིན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ལ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་སྐོར་ནས་ཆེད་དོན་ཏང་གི་སློབ་ཚན་སློབ་ཁྲིད་བྱས།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱོན་ཡོངས་ནས་རྐང་ཚུགས་པར་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བར་དམིགས་ནས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས། དེའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་དང་ཚད་གཞི་གལ་ཆེན་སྐོར་ནས་གསལ་བཤད་གཏིང་ཟབ་གནང་ཡོད། མི་དམངས་སྲིད་གྲོས་ནི་མི་དམངས་ལས་བྱུང་བ་དང་མི་དམངས་ལས་རྩ་བ་ཚུགས་པ་ཞིག་ཡིན་ཞིང་། “དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ”ནི་སྲིད་གྲོས་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིན་པས། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་དེ་སྲིད་གྲོས་ལས་དོན་གྱི“རྩ་བ་”དང“བླ་སྲོག”ཏུ་བརྩིས་ནས། “མི་དམངས་ལ་སྲིད་སྐྱོང་བྱས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་སྐྱོང་བྱས་རྗེས་འཇོག་པ།” “དམངས་ལ་བདེ་སྐྱིད་བསྐྲུན་པ་ནི་སྲིད་སྐྱོང་བྱས་རྗེས་ཆེ་ཤོས་ཡིན་པ།” བཅས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་པར་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྣེ་འདོམས་བྱེད་དགོས།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། སྲིད་འབྲས་ལྟ་བ་ཡང་དག་པ་དེ་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན། རྟོག་ཞིབ་གྲོས་མོལ། གྲོས་གཞི་སྒྲུབ་གཉེར། ཨུ་ཡོན་གྱི་ཞབས་ཞུ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་ཅིའི་ཐད་ནས་དོན་འཁྱོལ་བྱ་རྒྱུར་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་དགོས་པའི་ཚན་རིག་གི་ནང་དོན་དང་རིགས་པའི་གཞུང་ལུགས་ཀྱི་གཤིས་རྒྱུད། ལག་ལེན་གྱི་རྨང་གཞི། རིགས་པའི་གཞུང་ལུགས་ཀྱི་འབྱུང་ཁུངས་བཅས་ལ་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ཇི་མ་ཇི་བཞིན་བྱས་ཏེ། སྲིད་གྲོས་ལས་དོན་གྱི་ཆབ་སྲིད་ཁ་ཕྱོགས་ཡང་དག་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པའི་སྐོར་གྱི་ཚད་གཞིར་བསྡུར་བ་དང་། སྲིད་གྲོས་ལས་དོན་གྱི་བླང་བྱ་གསར་པ་ཁོང་དུ་ཆུད་པར་བྱེད་པ། “བསམ་ཕྱོགས་གཉིས་པ”རིང་དུ་དོར་བ། གནས་པའི་གནད་དོན་ཡོང་བསྲང་ལ་དམ་པོར་དམིགས་པ། བསམ་བློའི་འབྱུང་རྩ་ནས་སྲིད་འབྲས་ལྟ་བའི“འགོག་ཟྭ”ཇེ་དམ་དུ་གཏོང་བ་བཅས་བྱས་ཏེ། ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་ཅིང་ནུས་པ་འབུར་དུ་ཐོན་པ། སྤྱོད་ཚུལ་དངོས་གཉེར། ལས་སྒོ་བྱང་ཆུབ་པ་བཅས་ཀྱི་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་སྡེ་ཞིག་གསོ་སྐྱོང་གང་ལེགས་བྱེད་དགོས། རྒྱལ་དོན་གྱི་ཆེ་ཕྱོགས་དང་ལས་དོན་གཙོ་བོ། ཞིང་ཆེན་གྱི་བྱ་བ་གལ་ཆེན་བཅས་གཏན་འཁེལ་བྱས་ཏེ། དངོས་སྒྲུབ་གྲོས་མོལ་དང་གནད་ཁེལ་ཐབས་འདོན། ལྟ་སྐུལ་ནུས་ལྡན་བཅས་བྱེད་དགོས་པ་ལས་གཞན། ད་དུང་སེམས་ཤུགས་གཅིག་སྡུད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བའི་ཐད་ལས་འགན་ནུས་ལྡན་ངང་བསྒྲུབ་དགོས།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་ལ་དམ་པོར་དམིགས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པར་དམིགས་ཏེ། ཐབས་འདོན་སྲིད་ཞུགས་གང་ལེགས་བྱས་ནས། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་གང་མགྱོགས་གཏོང་རྒྱུ་དེ་འགན་འཁྲི་སྒྲུབ་པའི་གཙོ་གནད་དུ་བརྩིས་ནས། མང་ཚོགས་ཀྱི་དམངས་འཚོ་ཆེན་པོའི་ཐག་གཅོད་ལ་སྐུལ་འདེད་གཏོང་བ་དང་། མཐུན་སྒྲིལ་མཛའ་འབྲེལ་གྱི་གཞི་རྟེན་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དྲིལ་སྒྲོག་བཅས་བྱས་ཏེ། སྲིད་གྲོས་ཀྱི“སྐད་སྒྲ་ཡག་པོ”དེ་ཞིང་ཆེན་ཡོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི“བྱེད་ཐབས་དངོས”ལ་འགྱུར་བར་བྱེད་དགོས། བསམ་བློའི་འགོག་སྲུང་འཛིང་རགས་མུ་མཐུད་ཇེ་བརྟན་དུ་གཏོང་བ་དང་། འགན་འཁྲི་སྒྲུབ་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་སྒྲིག་ཁྲིམས་ཀྱི་རྒྱུད་ཇེ་དམ་དུ་གཏོང་བ། ལས་ཀའི་སྤྱོད་ཚུལ་བསྒྱུར་བ་དང་ཇེ་ལེགས་སུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་སྔར་ལས་ཇེ་དམ་དུ་གཏོང་བ། ལས་ཀའི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྲིད་གྲོས་ཀྱི་ཤེས་རབ་དང་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས།

རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། ཝང་ཀྲེན་ཁྲང་། ལིའུ་ཏ་ཡེ། མ་ཡུའེ་ཞང་། ཅིན་ཧྲེང་ཧྲོའུ་བཅས་སློབ་ཁྲིད་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།