ཟླ7པའི་ཚེས15ཉིན། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཞུང་དོན་ཁང་ནས་ཤེས་གསལ་ལྟར་ན། ཉིན་ཤས་བསྟུད་མར་རྨ་ལྷོ་ཁུལ་གྱིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འབྲུབ་འགོག་གནོད་འཚེ་ཉུང་གཏོང་དང་བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་བརྟན་སྲུང་དང་། བྱ་བའི་འགན་འཁྲི་སྲ་བརྟན་དུ་གཏོང་བ། སྔོན་འགོག་ཚོད་འཛིན་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། འཕྲལ་བསྟུན་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཁྱོན་ཡོངས་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་གི་འགོག་སྲུང་འཛིང་རགས་བརྟན་པོ་བཟོས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས།
བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་རྨ་ལྷོ་ཁུལ་གྱིས་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་ཡོད། འགྲིམ་འགྲུལ་ཁྱབ་ཁོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲོ་ལམ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བསྡོམས་པས་རྒྱལ་ཁབ་དང་ཞིང་ཆེན་གྱི་གཙོ་གནད་གཞུང་ལམ་དང་དེ་བཞིན་གྲོང་གསེབ་ཀྱི་གཞུང་ལམ26ལ་གྲལ་བཤེར་བྱས་ཏེ། འགྲོ་ལམ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་གད་སྙིགས་རླངས་འཁོར་སྒྲིག་འགལ་ངང་སྐྱེལ་འདྲེན་བྱེད་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ནན་མོ་བྱས། མེ་ཟོན་ཁྱབ་ཁོངས་སུ་དགོན་པ་དང་། ཚོང་ཁང་། སྒོ་རྩིས་ཚོང་ཁང་། མཛེས་ལྗོངས་ཁུལ་སོགས་གཙོ་གནད་ས་ཁོངས་ཀྱི་མེ་ཟོན་བདེ་འཇགས་ཡོངས་ལ་ཁྱབ་པའི་ཞིབ་བཤེར་ལེགས་སྒྲུབ་བྱས་ནས། མཛེས་ལྗོངས་ཁུལ་གྱི་འགྲུལ་རྒྱུན་སྔོན་ཚུད་ཉེན་བརྡ་གཏོང་བ་དང་དོ་དམ་ཚོད་འཛིན་དོན་འཁྱོལ་བྱས། གཏེར་རི་དང་འབར་རླངས་སོགས་ཉེན་ཁ་ཆེ་བའི་ཁྱབ་ཁོངས་ལ་དམིགས་ནས་ས་གནས་དེ་གར་ཆེད་དོན་བཅོས་སྒྲིག་ཏན་ཏིག་བྱས་ཏེ་རྡོ་སོལ་མིན་པའི་གཏེར་རིའི་ཁེ་ལས9ཁྲིམས་ལྟར་སྒོ་རྒྱག་མཚམས་བཞག་ནས་མངོན་མེད་རྐྱེན་ངན་གཙང་སེལ་དང་བཅོས་སྒྲིག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་བྱས་ཡོད།
འབྲུབ་དུས་ཀྱི་གནམ་གཤིས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་རྨ་ལྷོ་ཁུལ་གྱིས་འབྲུབ་འགོག་ཉེན་གཡོལ་གྱི་བྱ་ཐབས་ཁག་གནད་སྨིན་ངང་དོན་འཁྱོལ་བྱས་ཡོད། རི་ལྡེབས་སུ་ཁང་པ་རྒྱག་པ་དང་མཛེས་ལྗོངས་ཁུལ་དུ་སྒར་རྒྱག་ས་སོགས་ཉེན་ཁ་ཆེ་བའི་ས་ཁོངས་ལ་དོ་སྣང་ཆེན་པོ་བྱས་ཏེ་ས་ཚིགས་རེ་རེ་བཞིན་གྲལ་བཤེར་དོ་དམ་ཚོད་འཛིན་བྱས་པས་རིམ་རྩིས་བྱས་ན་མང་ཚོགས6135བདེ་འཇགས་གནས་སྤོ་བྱས་པ་རེད། རྒྱུན་རྣམ་ཅན་གྱི་ཆུ་ལམ་དང་ཟམ་པ་འགག་པའི་གཙང་སེལ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་འབུད་སྦུ་གུའི་དྲ་བ་གཤོང་བ། ཆུ་ལོག་དང་ཞོད་སྐྱོན་འབུད་པའི་ནུས་པ་ནུས་ལྡན་ངང་ཆེ་རུ་གཏོང་ཡོད། གནམ་གཤིས་དང་། ཆུ་བེད། འཕྲལ་བསྟུན་བཅས་སྡེ་ཚན་མང་པོའི་མཉམ་འབྲེལ་གྲོས་མོལ་ལམ་སྲོལ་ལ་བརྟེན་ནས་ཐབས་ལམ་མང་པོའི་ཐོག་ནས་འབྲུབ་འགོག་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ཁྱབ་སྤེལ་བྱས་ཏེ་གྲོང་ཚོ་དང་སྡེ་ཚོགས་ཁག་དང་། ཞིང་དུད། དེ་དང་ཆབས་ཅིག་འབྲུབ་འགོག་ཉེན་གཡོལ་གྱི་སྔོན་ཇུས་ཞིབ་ཚགས་སུ་གཏོང་བ་དང་། གཞི་རིམ་གྱི་ཉེན་སེལ་ནང་སྦྱོང་བྱེད་པ། འབྲུབ་འགོག་གི“སད་པ”དང“ཁ་གཏད་གཅོག་པའི”ལམ་སྲོལ་དོན་འཁྱོལ་བྱེད་པ། གནོད་འཚེ་སྔོན་འགོག་གི་ཚན་རིག་ཁྱབ་གདལ་དང་སློབ་མ་ཆུར་ལྷུང་སྔོན་འགོག་གི་བདེ་འཇགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ། མང་ཚོགས་ཀྱི་རང་སྐྱོབ་ཕན་ཚུན་སྐྱོབ་པའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས།
རྨ་ལྷོ་ཁུལ་གྱིས་འཕྲལ་བསྟུན་འགན་ལེན་གྱི་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ནས་དངོས་འཐབ་ཐག་གཅོད་ནུས་པ་མཐོ་རུ་བཏང་ཡོད། འཕྲལ་བསྟུན་དངོས་ཟོག་གསོག་འཇོག་འགུལ་རྣམ་གསར་བརྗེས་དང་འཕྲལ་བསྟུན་འཕྲིན་གཏོང་སྒྲིག་ཆས་ཁྱོན་ཡོངས་ནས་སྙོམས་སྒྲིག་ཚོད་ལྟ་བྱས་ཏེ་གནམ་གཤིས་ཚབས་ཆེན་གྱི་འཕྲིན་གཏོང་ཤར་གཏོང་ཐུབ་པར་འགན་སྲུང་བྱས་ཡོད། ཆུ་ཚོད24རིང་ལས་རེས་དང་འབྲུབ་འགོག་ཐན་འགོག་ལས་ཀའི་ལམ་སྲོལ་ལག་བསྟར་ནན་པོ་བྱས་ནས་ཆ་འཕྲིན་སྙན་སེང་ཞུ་བའི་བརྒྱུད་རིམ་ཚད་ལྡན་དུ་བཏང་། །