རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་རྒྱུག་ལས་ཁྲི་ཀ་ནས་གུང་ཧོའི་འགྲན་རིམ།

ཡོང་ཁུངས། མཚོ་སྔོན་པོ་དྲ་བ།

ཟླ7པའི་ཚེས15ཉིན། སྐབས་ཉེར་ལྔ་པའི་རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་རྒྱུག་ཁྲི་ཀར་སླེབས་པ་དང་། འགྲན་ཞུགས་པ་རྣམས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་ཁྲི་ཀ་ནས་ལམ་དུ་ཆས་ཏེ། ཁྲི་ཀ་ནས་གུང་ཧོའི་བར་གྱི་འགྲན་རིམ་གྱི་འགྲན་བསྡུར་མགོ་བརྩམས་ཤིང་། སྤྱི་ལེ136གི་འགྲན་བསྡུར་ལམ་བར་དུ་བྲག་དམར་དང་རྩྭ་ཐང་། གྲོག་རོང་། མཐོ་སྒང་གི་མཛེས་ལྗོངས་བཅས་ངོ་མཚར་ལྟད་མོ་མང་པོ་ཡོད།

འགྲན་རིམ་འདིའི་སྤྱིའི་རིང་ཚད་ལ་སྤྱི་ལེ136ཡོད་པ་དང་། འགྲན་རིམ་དེས་མི་རྣམས་ལ་བསམ་ཡུལ་ལས་འདས་པའི་འགྲན་སློང་ཞིག་སྤྲད་ཡོད་པས། མི་གཅིག་ཀྱང་ལས་སླ་མོའི་ངང་མཇུག་སྒྲིལ་སར་སླེབས་དཀའ་ལ། འགྲན་ཞུགས་པ་དག་གིས་དཀའ་ཁག་མང་པོ་བརྒྱུད་གྲང་ངར་གྱིས་ལུས་པོ་འདར་སིག་སིག་བྱེད་བཞིན་ཡོད་ནའང་། ཁོ་ཚོས་སྔར་བཞིན་སྙིང་རུས་ཆེན་པོས་ལྕགས་རྟ་ཞོན་ནས་མདུན་དུ་བསྐྱོད་ཅིང་། རྫོང་མཁར་ནང་ཁུལ་གྱི་གཟི་བརྗིད་མངོན་པའི་སྤྱི་ལེ6.6གི་ལམ་མཚམས་བསྐོར་རྗེས་མགོ་རྩོམ་ས་ནས་ལམ་དུ་ཆས་ཤིང་། ལམ་བར་དུ་རྨ་ཆུའི་དཔྱང་ཟམ་དང་ལ་ཟེ་བ་གྲོང་རྡལ། སྦལ་ཁ་རྩྭ་ཐང་། ཉི་ཟླ་རི་བོའི་གཞུང་ལམ་ཀྱི་དངུལ་བསྡུ་ས་ཚིགས་བཅས་བརྒྱུད་དེ། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་གཙོ་བོ་དེད་ནས་མདུན་དུ་བསྐྱོད་དེ། མཐར་གུང་ཧོ་རྫོང་གི་སྤྱོད་དར་ལམ་ཆེན་གྱི་མཚོ་ལྷོ་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་སུ་འབྱོར། འགྲན་རིམ་གྱི་དཀྱིལ་དུ་བསྟུད་མར་གྱེན་ལམ་ས་ཚིགས་གཉིས་ཡོད་དེ། སྤྱི་ལེ43.6གི་མཚམས་ཀྱི་སྦལ་ཁའི་གྱེན་ལམ་ས་ཚིགས་ཀྱི་ས་བབ་མཐོ་ཚད་ལ་སྨི3390ཡོད་པ་དང་། སྤྱི་ལེ48.4ཡི་མཚམས་སུ་ཡོད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྱེན་ལམ་ས་ཚིགས་ཀྱི་ས་བབ་མཐོ་ཚད་ལ་སྨི3754ཡོད་ལ། གྱེན་ལམ་གཉིས་ཀྱི་སྤྱིའི་ལམ་ཐག་ལ་སྤྱི་ལེ10.6ཙམ་ཡོད་ཅིང་། ལ་གཟར་མོ་དང་གཤོངས་མང་པའི་མཐོ་སྒང་གི་ལམ་གྱིས་འགྲན་ཞུགས་པའི་ལུས་སྟོབས་ལ་འགྲན་སློང་ཆེན་པོ་ཞིག་སྤྲད་ཡོད་པ་རེད།

ལྟད་མོ་བ་ལི་ཞ་ཡིས་བཤད་རྒྱུར། ངས་ཐེངས་དང་པོར་རང་ཁྱིམ་སྒོ་ཁ་ནས་མཚོ་སྔོན་བསྐོར་བའི་ལྕགས་རྟ་འགྲན་རྒྱུག་ལ་བལྟས་པ་ཡིན་པས་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་ཡོད། ངའི་ཕ་ཡུལ་ད་དུང་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་རྒྱུ་དང་མཚོ་སྔོན་གྱི་ཐེན་ཡིའུ་ཏེ་རུ་ཁག་ལ་གྲུབ་འབྲས་བཟང་བོ་ཐོབ་རྒྱུའི་རེ་བའང་ཡོད་ཟེར།

རྨ་ཆུའི་སྟོད་རྒྱུད་དུ་ཆགས་པའི་ཁྲི་ཀ་རྫོང་ལ་གནམ་འོག་རྨ་ཆུ་ཁྲི་ཀའི་ཡུལ་ན་དྭངས་ཞེས་པའི་གསེར་གྱི་མིང་བྱང་བསྩལ་ཡོད་ལ། མཚོ་སྔོན་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་སའི་ས་ཁུལ་གྲགས་ཅན་ཞིག་ཡིན་པའི་ཆ་ནས། གནས་དེའི་རྨ་ཆུ་དྭངས་མོ་དང་བྲག་དམར་མཚལ་ལྗོངས། ས་མཐོའི་སྤང་ལྗོངས་བཅས་ཀྱི་འོད་མདངས་ལས་རྔམ་མཐུག་པའི་དམངས་སྲོལ་རིག་གནས་མངོན་པ་དང་། ཉེ་བའི་ལོ་འགའི་རིང་ལ་ས་གནས་དེས་མུ་མཐུད་དུ་རིག་གནས་ཡུལ་སྐོར་སྒྲིག་ཆས་འཐུས་ཚང་དུ་བཏང་སྟེ། རྨ་ཆུའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས། གྲོང་གསེབ་ཡུལ་སྐོར་ཀྱི་ལས་རྣམ་མུ་མཐུད་དུ་ཕུན་སུམ་ཚོགས་པོར་བཏང་ཡོད། ཐེངས་འདིའི་རབ་མཛེས་མཚོ་སྔོན་བསྐོར་བའི་ལུས་རྩལ་འགྲན་དོན་དེ་སྦྲེལ་ཐག་ཏུ་བཟུང་སྟེ། ཁྲི་ཀའི་སྐྱེ་ཁམས་ཀྱི་ཐོན་ཁུངས་ལེགས་པོ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ཕྱོགས་ཡོངས་ནས་མངོན་ནས།རྨ་ཆུའི་འགྲམ་རྒྱུད་ཀྱི་ཁམས་གསོ་གྲོང་ཁྱེར་ཆུང་ཆུང་ལ་དོ་ཁུར་ཆེན་པོ་ཐོབ་ཡོད་པ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།