ཟླ7པའི་ཚེས16ཉིན། ཀྲུང་གོའི་ཏང་སྲིད་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཁྲའོ་ཞན་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་བའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཕིན་རང་དུ་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ནང་སྲིད་ལས་ཁུངས་ཀྱི་ཙུང་ལི་ཕེའོ་ཐའེ་ཁྲེང་དང་མཉམ་དུ《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ་65འཁོར་བའི་དྲན་གསོའི་སྣེ་ལེན་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཝང་ཧུའུ་ཉིང་གིས་བསྟན་དོན། ལོ་65ཡི་སྔོན་ལ། ཀྲུང་གོ་དང་ཁྲའོ་ཞན་གྱི་འགོ་ཁྲིད་པ་རྒན་རབས་པས《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་དམག་འཐབ་མཛའ་མཐུན་སྲ་བརྟན་དུ་གཏོང་ཆེད་ཆབ་སྲིད་དང་བཅའ་ཁྲིམས་ཀྱི་རྨང་གཞི་གལ་ཆེན་བཏིང་། ལོ་ངོ་65རིང་། ཕྱོགས་གཉིས་ཀས་ཆིངས་ཡིག་གི་དགོངས་དོན་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་རྒྱབ་སྐྱོར་དང་མཐུན་སྒྲིལ་མཉམ་ལས། དཔུང་པ་མཉམ་གཤིབ་བཅས་ཀྱི་སྒོ་ནས་འབད་འཐབ་བྱས་ལ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྲ་བརྟན་དུ་བཏང་བ་དང་། བརྗེ་རེས་མཉམ་ལས་དང་དུས་བསྟུན་མདུན་སྐྱོད་བྱས་པས། འཐབ་ཇུས་མཉམ་ལས་ཉིན་བཞིན་གཏིང་ཟབ་ཏུ་ཕྱིན་ནས། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་འབྲེལ་བའི་མི་རབས་ནས་མི་རབས་བར་མཛའ་མཐུན་དང་ལས་དབང་མཉམ་གནས། ཕན་ཚུན་རོགས་རེས་བཅས་ཀྱི་མངོན་གསལ་ཁྱད་ཆོས་གསོན་ཉམས་དོད་པོས་གསལ་བཤད་བྱས། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་བར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཐུན་མོང་ཐོག《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ་65འཁོར་བར་དྲན་གསོ་གཟབ་རྒྱས་ཞུ་རྒྱུ་གོ་སྐབས་སུ་བཟུང་སྟེ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་ཀྲུང་ཁྲའོ་འབྲེལ་བའི་མདུན་སྐྱོད་ཁ་ཕྱོགས་དམ་འཛིན་ནན་མོ་བྱེད་པ། བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་དང་མཛའ་མཐུན་རྒྱུན་མཐུད་ཇེ་ཟབ་ཏུ་གཏོང་བ། དུས་རབས་ཀྱི་འགན་འཁུར་མངོན་པ། ལག་གདང་སྦྲེལ་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་འདོད་ཡོད།
ཕེའོ་ཐའེ་ཁྲེང་གིས་བསྟན་དོན།《ཁྲའོ་ཀྲུང་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་པའི་ལོ་65རིང་། ཁྲའོ་ཀྲུང་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཡ་གླིང་བྱང་ཤར་གྱི་ཞི་བདེ་བརྟན་ལྷིང་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། ད་ལྟ་ང་ཚོས་དྲན་གསོའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་ནས་ཆིངས་ཡིག་གི་འཐབ་ཇུས་དོན་སྙིང་གལ་ཆེན་དང་ཁྲའོ་ཀྲུང་མཛའ་མཐུན་གྱི་གསོན་ཤུགས་ཆེན་པོ་གང་ལེགས་སྒོས་མངོན་ཡོད། ཁྲའོ་ཞན་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་བརྩི་སྲུང་བྱས་ཏེ། ཆིངས་ཡིག་གི་དགོངས་དོན་མུ་མཐུད་དུ་དར་སྤེལ་དང་སྤྱི་ཚོགས་རིང་ལུགས་ལྟེ་བ་ཡིན་པའི་ཁྲའོ་ཀྲུང་འབྲེལ་བར་རྒྱུན་ཆད་མེད་པར་ཤུགས་བསྣན་ནས། ཁྲའོ་ཀྲུང་མཛའ་མཐུན་གྱི་ལེའུ་གསར་པ་མཉམ་དུ་རྩོམ་འདོད་ཡོད།
ཚོགས་འདུའི་བར་སྐབས་སུ། ཁྲའོ་ཞན་ཕྱོགས་ཀྱིས་ཀྲུང་ཁྲའོ་བར་གྱི་མཛའ་མཐུན་ལ་བསྟོད་པའི་གསུང་རབ་རོལ་དབྱངས་འཁྲབ་སྟོན་བྱས།
ཝང་ཏུང་ཧྥུང་བྱེད་སྒོར་ཞུགས། ཀྲུང་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱི་མི་ཧ་ལམ་200བྱེད་སྒོར་ཞུགས།