“སྔོན་ཆད་རྩ་འཛུགས་ཀྱི་འབྲེལ་བ་ཕ་ཡུལ་དུ་ཡོད་པས། སློབ་སྦྱོང་དུ་ཞུགས་འདོད་ན་ལེ་དབར་སྟོང་ཕྲག་བརྒལ་ཏེ་ཕ་ཡུལ་དུ་འགྲོ་དགོས། ད་ལྟ་ཝུའུ་ཧན་དུ་སྐོར་སྐྱོད་ཏང་ཀྲི་པུའུ་ཡོད་པས། ང་ཚོས་ཕྱི་ཡུལ་ནས་ཀྱང‘རང་ཁྱིམ’རྙེད་བྱུང”ཞེས་ཉེ་སྔོན་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཅང་ཞ་ཆུས་སུ་འཐེན་ཐུག་ཁང་ཕྱེ་ཡོད་པའི་ཧྭ་ལུང་འཐེན་ཐུག་པ་ཧན་སོ་ལི་མ་ནེ་ཡིས་དགའ་སྤྲོའི་ངང་དེ་ལྟར་བཤད། ཁོས་བཤད་ཀྱིན་པའི“རང་ཁྱིམ”ཞེས་པ་དེ་ནི་ཉེ་སྔོན་བཙུགས་མ་ཐག་པའི་ཝུའུ་ཧན་དུ་སྡོད་པའི་མཚོ་སྔོན་ཧྭ་ལུང་ལས་སྒྲུབ་ཁང་གི་སྐོར་སྐྱོད་ཏང་ཀྲི་པུའུ་རེད།
མཚོ་ཤར་གྲོང་ཁྱེར་ཧྭ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གིས་འཐེན་ཐུག་ཐོན་ལས་ཀྱིས་སྐོར་སྐྱོད་ཏང་ཡོན་གར་ཡོད་མི་ཤེས་པ་དང་དོ་དམ་བྱེད་དཀའ་བའི་དངོས་ཡོད་དཀའ་གནད་ལ་ཁ་གཏད་དེ། རིག་ལམ་གསར་གཏོད་ཀྱིས་འཐེན་ཐུག་ལས་རིགས་ཀྱི་ཕྱོགས་བསྡུས་ཏང་ཨུ་བཙུགས་པ་དང་། རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར12སུ་སྐོར་སྐྱོད་ཏང་ཀྲི་པུའུ་བཙུགས་ནས། སྐོར་སྐྱོད་ཏང་ཡོན329ལ་ནུས་ལྡན་གྱིས་དོ་དམ་བྱས། ཧྭ་ལུང་འཐེན་ཐུག་གི་སྐོར་སྐྱོད་ཏང་ཀྲི་པུའུ་ཡིས་ཏང་ཡོན་རྩ་འཛུགས་བྱས་ཏེ་ཏང་གི་སྲིད་ཇུས་ལ་སློབ་སྦྱོང་བྱེད་ཀྱིན་ཡོད་པར་མ་ཟད། ད་རུང་དུས་བཅད་ལྟར“འཐེན་ཐུག་སློབ་ཁྲིད་ཆེན་མོ”སྤེལ་ཏེ། ཏང་འཛུགས་སྐྲུན་གྱི་ཤེས་བྱ་དང་མི་རིགས་སྲིད་ཇུས།ཟས་རིགས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་སོགས་ལ་སློབ་སྦྱོང་བྱེད་ཀྱིན་ཡོད། “ང་ཚོས་ཏང་ཡོན་ལ་རྩ་འཛུགས་རྙེད་དུ་འཇུག་དགོས་པར་མ་ཟད། ཁོ་ཚོ་རྩ་འཛུགས་ཀྱི་ནང་ནས་འཚར་ལོངས་འབྱུང་དུ་བཅུག་ནས། ཡིད་རྟོན་རུང་བའི་སྒོ་ནས་ཚོང་གཉེར་བྱེད་པ་དང་ས་གནས་ཀྱི་མིག་དཔེའི་ཁྲོད་འདྲེས་སུ་འཇུག་རྒྱུ་ཡིན”ཞེས་ཧྭ་ལུང་རྫོང་ས་གནས་ཟོང་རྟགས་ཐོན་ལས་གསོ་སྤེལ་ཡར་སྐུལ་ཅུས་ཀྱི་ཅུས་ཀྲང་མ་ཅན་ཀུའོ་ཡིས་དེ་ལྟར་མཚམས་སྦྱོར་བྱས།
ཧན་སོ་ལི་མ་ནེ་ཡིས་ཕྱེས་པའི་འཐེན་ཐུག་ཁང་གི་སྒོ་ཁ་རུ་བཞག་ཡོད་པའི“ཏང་ཡོན་དཔེ་སྟོན་ལས་རྐང”གི་བྱང་བུ་དེར་ཉི་འོད་ཀྱི་འོག་ཏུ་འོད་འཚེར་གྱིན་འདུག “བྱང་བུ་བཀལ་ཏེ་ཚོང་གཉེར་བྱེད་པ་དེ་ནི་གཟི་བརྗིད་ཅིག་ཡིན་ལ་འགན་འཁྲི་ཞིག་དེ་བས་ཀྱང་རེད། མགྲོན་པོས་ཏང་ཡོན་དཔེ་སྟོན་ལས་རྐང་གི་བྱང་བུ་དེ་མཐོང་རྗེས། ཟས་རིགས་བདེ་འཇགས་དང་ཞབས་ཞུའི་སྤུས་ཀ་སོགས་ལ་དེ་བས་ཡིད་ཆེས་བྱེད་སྲིད”ཅེས་སྤོབས་པ་ཆེན་པོོས་བཤད།
འཐེན་ཐུག་པ་ཞིག་ལ་མཚོན་ན། མ་དངུལ་བསྡུ་རུབ་དཀའ་བ་དང་རྩལ་ནུས་ཀྱིས་མི་འདང་བ། རོགས་འདེགས་བྱེད་མཁན་མེད་པ་བཅས་ནི་ལས་སྐྲུན་ལམ་ཁའི་དཀའ་གནད་ཆེན་པོ་གསུམ་རེད། ཧན་སོ་ལི་མ་ནེ་ཡིས“སྤེལ་རོགས་ཁྲིད་གསུམ+མཉམ་ལས་མཉམ་རྒྱལ”གྱི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་པ་སྟེ། ལག་རྩལ་སྤེལ་རོགས་དང་འཐེན་ཐུག་ཁང་ཕྱེ་རོགས། ཚོང་གཉེར་བྱེད་སྟངས་ཁྲིད་པ་བཅས་བྱས་ནས། དཔལ་འབྱོར་ཐད་དཀའ་ཁག་ཡོད་པའི་ཡུལ་ཕྱོགས་གཅིག་པའི་མི་རྣམས་འཐེན་ཐུག་ཚོང་གཉེར་དུ་ཞུགས་སུ་བཅུག་སྟེ་ཡོང་སྒོ་བགོ་བཤའ་བརྒྱབ།
“ཏང་ཀྲི་པུའུ་དང་འཐེན་ཐུག་མཐུན་ཚོགས་ཀྱི་རོགས་སྐྱོར་འོག ང་རང་ཞོར་ལས་གཉེར་མཁན་ཞིག་ནས་འཐེན་ཐུག་ཁང་གི་སྦྱིན་བདག་ཏུ་གྱུར་སོང་།”ཧན་སོ་ལི་མ་ནེ་ཡི་སྤེལ་རོགས་ཁྲིད་གསུམ་འོག ཧྭ་ལུང་ནས་ཡོང་བའི་འཐེན་ཐུག་ལག་རྩལ་པ་ཧན་ཀྲུང་ཧྥུ་ཡིས་འཐེན་ཐུག་འཐེན་ཤེས་སོང་བས། ཝུའུ་ཧན་ནས་རང་ཉིད་ཀྱི་འཐེན་ཐུག་ཁང་ཞིག་ཕྱེས།
2015ལོ་ནས་བཟུང་། ཧན་སོ་ལི་མ་ནེ་ཡིས་ཕ་ཡུལ་གྱི་མི400ལྷག་ལ་རོགས་སྐྱོར་བྱས་ཏེ་དབུལ་ཕོངས་ལས་ཐར་དུ་བཅུག་པ་དང་། དུས་མཚུངས་སུ་སོ་ལེ་མན་ཧུའུ་པེ་མཁོ་སྤྲོད་སྦྲེལ་ཐག་དོ་དམ་ཚད་ཡོད་ཀུང་སི་ཕྱེ་སྟེ་ཐོན་ལས་སྦྲེལ་ཐག་ཧྲག་སྡེབ་བྱས་པས། ཝུའུ་ཧན་གྲོང་ཁྱེར་གྱི་འཐེན་ཐུག་ཁང180ཡི་གྲོ་ཕྱེ་དང་སྐམས་ལུག་ཤ་སོགས་ཀྱི་རྒྱུ་ཆ་གཏན་འཇགས་ཀྱིས་སྡེབ་སྐྱེལ་བྱས་པས། རྒྱ་རིགས་དང་ཟ་ལར་རིགས།ཧུའེ་རིགས་བཅས་ཀྱི་བདག་གཉེར་མཁན་རྣམས་ཀྱིས“མཉམ་འབྲེལ་ལས་སྐྲུན”བྱེད་པའི་རྣམ་པ་གྲུབ།འདི་ནི་ཁོ་རང་ཏང་ཡོན་གདོང་མཆོང་དཔེ་སྟོན་པ་ཡིན་པའི་བསྡུས་གཟུགས་རེད།
ཧྭ་ལུང་རྫོང་དུ་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག“ཏང་རྩ་འཛུགས+མཐུན་ཚོགས+དངུལ་རྩ”བཅས་ཞབས་ཞུའི་མ་ལག་རིམ་པ་གསུམ་གྱིས་མཉམ་དུ་ཤུགས་འདོན་པ་དང་། དངུལ་རྩའི་ལས་ཁུངས་དང་མཉམ་འབྲེལ་སྒོས་ཏང་ཡོན་ཞབས་ཞུ་ཚན་ཆུང་བཙུགས་ནས། “ཏང་འཛུགས་སྐྲུན+ཡིད་རྟོན”གྱི་གཟིགས་སྐྱོང་གཉིས་དངུལ་བུན་ལེན་སྟངས་ཁྱབ་གདལ་བཏང་། 2025ལོར་རིམ་བསགས་ཀྱིས་འཐེན་ཐུག་དངུལ་བུན་སྒོར་དུང་ཕྱུར4.58བཏང་བ་དང་། དེས་ལས་སྐྲུན་མཁན5000ལྷག་ལ་ཁེ་ཕན་ཐོབ།མ་དངུལ་བསྡུ་རུབ་ཀྱི་ཁེབས་ཚད45%ནས78%ལ་འཕར་ཞིང་། ཏང་ཡོན་གྱིས་ཕྱེ་བའི་འཐེན་ཐུག་ཁང་ལ་དངུལ་བུན་ཐོབ་ཚད92%ལ་སླེབས།
དེ་ལས་དགའ་འོས་པ་ཞིག་ནི། འཐེན་ཐུག་ཐོན་ལས་ཀྱིས་འཇོན་མི་ཕྱིར་ཡོང་བར་སྐུལ་ཁྲིད་བྱས། མི2300ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱས་པ་དང་། དེའི་ཁྲོད་དུ་ཏང་ཡོན41%ཟིན་ཡོད་ལ། “འཐེན་ཐུག་སྡེ་བའི་ཏང་ཀྲི་པུའུ”ཡི་རྗེས་གྲབས་མི་སྣ17གསོ་སྐྱོང་དང་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་ལས་གཞི34གསར་དུ་འཛུགས་པར་སྐུལ་ཁྲིད་བྱས་ཤིང་། “ཕྱི་རོལ་དུ་སོང་ནས་ཞོར་ལས་གཉེར་བ-ཕ་ཡུལ་དུ་ལོག་ནས་མ་དངུལ་གཏོང་བ-ཕ་ཡུལ་ལ་དྲིན་ལན་འཇལ་བའི”འཁོར་རྒྱུག་བཟང་པོ་ཆགས་བཞིན་པའི་སྒང་རེད།
“འཐེན་ཐུག་དཀར་ཡོལ་གང་ནས་ཐོན་ལས་ཤིག་གི་བར་དང་། དེ་ནས་སྙིང་སྟོབས་ཤིག་གྲུབ་པའི་བར། ཧྭ་ལུང་འཐེན་ཐུག་ནི་མང་ཚོགས་ཀྱི་ཕྱུག་འགྱུར་འཐེན་ཐུག་ཏུ་གྱུར་ཡོད་པར་མ་ཟད། མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བདེ་སྐྱིད་འཐེན་ཐུག་ཏུའང་གྱུར་ཡོད”ཅེས་མ་ཅན་ཀུའོ་ཡིས་དེ་ལྟར་བཤད།
མཚོ་བོད་མཐོ་སྒང་གི་ལུང་ཁུག་ཆུང་ཆུང་ཞིག་ནས་རྒྱལ་ནང་གི་གྲོང་ཁྱེར་ཆེན་པོ་རུ། འཐེན་ཐུག་གིས་སྒོར་དུང་ཕྱུར་བརྒྱ་ཡི་ཐོན་ལས་གྲུབ་ཅིང་། ཧྭ་ལུང་པ་ཁྲི11ལ་ཕྱུག་འགྱུར་གྱི་ལམ་དང་མཐུན་སྒྲིལ་གྱི་བརྩེ་བ་བཏོད་ཡོད། ད་ལྟ། ཧྭ་ལུང་གི་འཐེན་ཐུག་ཁང་ཁྲི2ལྷག་རྒྱལ་ཁབ་ཕྱི་ནང་དུ་ཁྱབ་ཡོད་པ་དང་། ལོ་རེའི་ཡོང་སྒོ་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་ཞིང་། འཐེན་ཐུག་གི་ཡོང་སྒོས་ཞིང་པ་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོའི54%ཟིན་ཡོད། མ་འོངས་པར་ཧྭ་ལུང་རྫོང་གིས་མུ་མཐུད་དུ“ཏང་འཛུགས་སྐྲུན་སྣེ་ཁྲིད་ཀྱིས་ནུས་པ་བསྩལ་ཏེ་ཐོན་ལས་དར་རྒྱས་གཏོང་བའི”ཐབས་ལམ་གཏིང་ཟབ་ཏུ་གཏོང་བ་དང་། ཧྭ་ལུང་འཐེན་ཐུག་ཚད་གཞི་ཅན་དང་ཟོང་རྟགས་ཅན། གྲངས་ཀ་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་སྟེ། “སྐྱིད་པའི་འཐེན་ཐུག”འདིའི་བྲོ་བ་ག་ས་གང་དུ་ཁྱབ་ཏུ་འཇུག་རྒྱུ་རེད། །