ཟླ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་ཆང་བ་ལིའི་མེ་ཏོག་རྣམ་པར་བཞད་ལ། ཁ་སུར་མེ་ཏོག་གི་དྲི་ཞིམ་འཐུལ་ཡོད། “སིལ་སྡོང་མེ་ཏོག་གི་ལུང་པ”ཞེས་པའི་མཚན་སྙན་ཡོད་པའི་ར་ཆག་སྐེ་སྡེ་བར་ལོ་བརྒྱའི་ལི་སྡོང་བརྒྱ་ལྷག་གི་མེ་ཏོག་རྣམ་པར་བཞད་ཡོད་པས། ཡུལ་སྐོར་པས་ཁ་པར་དང་པར་ཆས་བཟུང་ནས་མེ་ཏོག་གི་སྐྱེད་ཚལ་ཁྲོད་ཟུར་ཡག་ཤོས་འཚོལ་བཞིན་ཡོད་ལ། དུད་སྤྲིན་ལས་ཞིང་པའི་སྤྲོ་སྐྱིད་ཁང་གི་ཟས་གཡོས་སྦྱོར་གྱི་དྲི་ངད་ལྡང་།
སྔོན་ཆད། སྡེ་བའི་རྣམ་པ་གཞན་ཞིག་ཡིན། དེ་སྔ་ར་ཆག་སྐེ་སྡེ་བར་དུས་ཡུན་རིང་པོའི་ནང་གྲོ་གཙོ་བོར་འདེབས་པ་དང་ཐོན་ལས་གྲུབ་ཚུལ་སྣ་གཅིག་ཡིན་པས། སྡེ་བའི་ཐུན་མོང་དཔལ་འབྱོར་ཧ་ཅང་ཞན། ལོ་ན68ཡིན་པའི་སྒྲོལ་མས“ས་ཞིང་མུའུ་འགའ་བསྲུངས་ཏེ་ལོ་གཅིག་རིང་དཀའ་ལས་བརྒྱབ་ཀྱང་སྒོར་མང་པོ་བཙལ་མི་ཐུབ”ཅེས་དུས་རྒྱུན་དངན་པ་འཐེན་བཞིན་ཡོད། ད་ལྟ“ཅན་བཅུའི”ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག སྡེ་བའི་ཐོན་སྐྱེད་འཕེལ་རྒྱས་ཚན་ཆུང་གིས་སྣེ་ཁྲིད་དེ། སྡེ་བའི་ཐུན་མོང་ཐོན་ལས་འཕེལ་རྒྱས་ཀུང་སི་ཐོ་འགོད་བྱས་ནས་བཙུགས་པ་དང་། བེད་མེད་ས་ཞིང་སྤྱི་ཆིང4.67(མུའུ70)ཙམ་འཁོར་རྒྱུག་བྱས་ནས་དགུན་ཁའི་ལོག་དཀར་འདེབས་ཀྱིན་ཡོད། ཆང་བ་ལིའི་མེ་ཏོག་དུས་ཆེན་གྱི་སྐབས་སུ། ཐོན་སྐྱེད་འཕེལ་རྒྱས་ཚན་ཆུང་གིས་གཅིག་གྱུར་འཆར་འགོད་ཞིབ་ཚགས་བྱས་པ་དང་། སྡེ་མི་རང་ཉིད་ཀྱིས་ཐོན་སྐྱེད་བྱས་པའི་ལོག་དཀར་ས་བོན་དང་སྒོ་ང་སོགས་ས་གནས་ཀྱི་ཐོན་རྫས་གཅིག་བསྡུས་སྒོས་ཁྱད་ལྡན་འགྲེམས་སྟེགས་འགྲེམས་སྤེལ་བྱས་ཤིང་། ཡུལ་སྐོར་པ་དང་མཐའ་འཁོར་གྱི་མང་ཚོགས། དེ་མིན་ཚོང་པའི་འདེམས་ཉོ་དང་ཡུལ་དངོས་ནས་མངགས་ཉོ་བྱེད་པར་བཀུག་ནས། ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་ཚོང་ལམ་ནུས་ལྡན་སྒོས་རྒྱ་བསྐྱེད་བཏང་།
སྔོན་ཆད་ཀྱི་ཁེར་ལས་དང་ཕན་འབྲས་ཆུང་བ་ནས་ད་ལྟའི་ཚོགས་སྒྲིག་འཕེལ་རྒྱས་དང་ལས་རྣམ་ཕུན་ཚོགས་སུ་སོང་བའི་བར། སྡེ་བའི་ཐུན་མོང་དཔལ་འབྱོར་དང་སྡེ་དམངས་ཀྱི་ཡོང་འབབ་དུས་མཉམ་དུ་འཕར་བ་དང་། སྡེ་མིར་ལོ་རེའི་ས་ཞིང་འཁོར་རྒྱུག་གི་ཡོང་འབབ་བརྟན་པོ་ཐོབ་སྟེ། སྡེ་མི་ཚོས“ཅན་བཅུའི”ཏང་འཛུགས་སྐྲུན་ལས་བྱུང་བའི་འགྱུར་ལྡོག་དངོས་སུ་མཐོང་།
ད་ལྟ་སྡེ་བའི་ཐོན་ལས་འཕེལ་རྒྱས་ལ་ཁ་ཕྱོགས་གསར་པ་ཡོད་པ་མ་ཟད། “ཅན་བཅུའི”ཏང་འཛུགས་སྐྲུན་གྱི་སྐུལ་འདེད་འོག་སྡེ་བའི་རྣམ་པ་ཡང་གསར་པ་ཞིག་ཏུ་བསྒྱུར་ཡོད། “ཅན་བཅུའི”ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག སྡེ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚན་ཆུང་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་ཚན་ཆུང་ལས་ཡུལ་དང་པོར་སོང་ནས། རང་འགུལ་ངང་ཁང་པའི་མདུན་རྒྱབ་ཀྱི་གད་སྙིགས་གཙང་སེལ་བྱེད་པ་ནས་ལམ་སྒྲོན་ཆག་སྐྱོན་ཞིག་གསོ་བྱེད་པ་དང་། ཆུ་རྐ་འགག་པ་གཙང་སེལ་ནས་གད་སྙིགས་གང་བྱུང་དུ་སྤུངས་པ་དང་གང་བྱུང་དུ་འཇོག་པ་བཅོས་སྐྱོང་བྱེད་པའི་བར། ཏང་ཡོན་གྱིས་སྡེ་དམངས་སྐུལ་ཁྲིད་བྱས་ནས“སེམས་དྲོ་བའི་བྱ་བ་ཆུང་ཆུང”བསྒྲུབས་ཏེ་སྡེ་བའི་རྣམ་པ་གསར་པ་ཞིག་ཏུ་བསྒྱུར། ཁེར་སྡོད་རྒན་པ་ཚེ་རིང་རྒྱལ་ལོ་ན་བགྲེས་པ་དང་ཁྱིམ་དང་ར་སྐོར་དུ་དངོས་པོ་གང་བྱུང་དུ་སྤུངས་ཡོད་པ་ཤེས་རྟོགས་བྱུང་བ་ན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚན་ཆུང་དུས་ཐོག་ཏུ་ཁོ་ཚང་ལ་སོང་ནས་རྒན་པའི་སྒོ་ཁྱིམ་ལ་གཙང་སྦྲ་བྱེད་རོགས་བྱས་ཤིང་། སིལ་སྡོང་མྱུ་གུ་དང་མེ་ཏོག་འདེབས་རོགས་བྱས་ནས་ར་སྐོར་གཙང་མར་བསྒྱུར།
དུས་མཚུངས་སུ། ཚན་ཆུང་གཉིས་ཀྱིས་ཤུགས་བརྒྱབ་པ་དང་། ཁོར་ཡུག་བཅོས་སྐྱོང་བྱེད་པའི“ནག་པང་དང་དམར་པང”ཁྱབ་གདལ་བཏང་ལ། ཟླ་རེར“མཛེས་སྡུག་ལྡན་པའི་སྒོ་ར”དཔྱད་བསྡུར་ཐེངས་རེ་སྤེལ་བ། སྡེ་བ་དང་སྡེ་ཁུལ་བར་ཕན་ཚུན་དཔྱད་བསྡུར་དང་གྲོས་བསྡུར་བྱས་ནས། “ཕྱི་བལྟས་མིག་ལ་མཛེས་པ་དང་ནང་བལྟས་དོན་དང་མཐུན་པ”བྱས། སྔོན་ཆད་དངོས་པོ་གང་བྱུང་དུ་སྤུངས་པ་དང་དོ་སྣང་བྱེད་མཁན་མེད་པ་ནས། ད་ལྟ་ཉིན་རེར་ཚན་ཆུང་གི་ཁོངས་མིས་རེས་མོས་ཀྱིས་གཙང་སེལ་བྱས་ཏེ་སྡེ་བའི་རྣམ་པ་གསར་པར་བསྒྱུར་ཞིང་། ཆང་བ་ལིའི་མེ་ཏོག་བཞད་སྐབས་ཡུལ་ལྗོངས་དེ་བས་ཀྱང་མཛེས། སྡེ་མི་ཚོས“ད་ལྟ་སྡེ་བ་གཙང་མ་གཙང་རྐྱང་ཡིན་ཞིང་སྡེ་མདོ་རུ་བསྡད་ནས་ཆང་བ་ལིའི་མེ་ཏོག་ལ་ལྟ་སྐབས་སེམས་ཁམས་ཧ་ཅང་དྭངས”ཞེས་བཤད།
“ཅན་བཅུའི”ཏང་འཛུགས་སྐྲུན་གྱིས“སྒོར་ཁུག”ཇེ་མཐུག་ཏུ་བཏང་བར་མ་ཟད“ཐབས་ལམ”དེ་བས་མང་བར་བསྒྱུར། བསམ་པའི་རིག་གནས་ཚན་ཆུང་གིས་བོད་རྒྱ་སྐད་གཉིས་ཀྱི་སྒྲོག་འགྲེལ་རུ་ཁག་བཙུགས་པ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་གཏིང་ཟབ་ཏུ་སྤེལ་ཏེ། སྲིད་ཇུས་བཟང་པོ་ཁྱིམ་ཚང་ཁྲི་སྟོང་མང་པོར་རྟོགས་སུ་བཅུག “དཔྱིད་རླུང”དེས་མང་ཚོགས་ཀྱི་བསམ་པའི་སྒོ་མོ་ཕྱེ་བར་མ་ཟད། ཁྱིམ་མཚེས་བར་གྱི་ལོ་མང་རིང་གི་འཆམ་མཐུན་མིན་པའི་གནས་བབས་ཀྱང་བསྒྱུར།
བཀྲ་ཤིས་དང་ཀྲང་ཆང་ཁྱིམ་ཚང་གཉིས་མི་རབས་སྔོན་མའི་འགལ་བའི་དབང་གིས་ལོ་མང་པོར་འབྲེལ་འདྲིས་བྱེད་ཀྱིན་མེད། སྡེ་བའི་འགལ་རྩོད་འདུམ་འགྲིག་ཚན་ཆུང་གིས་གནས་ཚུལ་དེ་ཤེས་རྗེས། སྟབས་བདེའི་སྒོ་ནས་གནས་ལུགས་ཆེན་པོ་མ་བཤད་པར“རྐུབ་སྟེགས་གྲོས་མོལ་ཚོགས་འདུའི”ནང་རྐྱེན་སྤྱད་དེ། སྡེ་བའི་ནང་གི་སྤྱོད་པ་གཙང་ལ་སྙན་གྲགས་ཆེ་བའི་ཏང་ཡོན་རྒན་པ་དང་རང་སའི་སྐྱེས་བུ་སྤྱོད་བཟང་ཅན་ཐེངས་མང་པོར་སྒོ་ཁར་སོང་ནས་འདུམ་འགྲིག་བྱས། འགལ་བ་སྔ་མོ་ནས་ཐག་གཅོད་བྱ་ཆེད་ཚན་གཙོ་གཅོད་པ་རྒྱལ་བཀྲ་ཤིས་ཀྱི་ཁྱིམ་དུ་ཉིན་གང་བོར་བསྡད་དེ་ཁ་ཏ་སློབ་གསོ་བཏང་། འདུམ་འགྲིག་ཐེངས་མང་བྱས་པ་བརྒྱུད། ཁྱིམ་ཚང་གཉིས་ཀྱི་འདས་ཟིན་པའི་གྱོད་གཞི་འདུམ་ནས་སྡེ་བ་ཡོངས་ཀྱི་ཁྱིམ་མཚེས་འཆམ་མཐུན་གྱི་མིག་དཔེར་གྱུར།
ད་ལྟའི་ར་ཆག་སྐེ་སྡེ་བ་རུ། རོགས་རེས་རོགས་འདེགས་ཚན་ཆུང་གིས་རྒྱུན་ལྡན་གྱིས་རྒན་པར་རྒན་གསོ་ངོས་ལེན་དཔང་ཡིག་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྐྱོབ་རོགས་རེ་ཞུ་བྱེད་པ་དང་། དྲིལ་སྒྲོག་ཚན་ཆུང་གིས་སྲིད་ཇུས་ཤེས་བྱ་ཁྱབ་གདལ་གཏོང་བ་དང་ཚུལ་ལྡན་སྲོལ་གསར་བརྒྱུད་སྤྲོད་བྱེད་པ། ཆེད་དོན་ལས་དོན་ཚན་ཆུང་ཁག་གིས་རང་འགན་རང་སྒྲུབ་དང་མཉམ་དུ་ཤུགས་བཏོན་པ་བརྒྱུད། ཡུལ་མི་ཚོ་དོན་དག་ལ་འཕྲད་ཚེ“མཉམ་དུ་བསྡད་ནས་གྲོས་མོལ་བྱས་ཏེ་སྒྲུབ་པ”དང་། “ཅན་བཅུའི”ཏང་འཛུགས་སྐྲུན་ལས་བྱུང་བའི་ཚུལ་ལྡན་སྲོལ་གསར་ནི་ཆང་བ་ལིའི་མེ་ཏོག་གི་དྲི་ཞིམ་འཐུལ་བ་ལྟར་ར་ཆག་སྐེ་སྡེ་བ་ཡོངས་ལ་ཁྱབ་ཡོད། །