“ཚེ་སྲོག་གི་དབྱང་དབུགས”ཀྱིས་འབྲོག་པ་མང་ཚོགས་ཀྱི་འཚོ་བར་གསོན་ཤུགས་བསྩལ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར།

ཟླ6པའི་ཚེས21ཉིན་གྱི་ཞོགས་པར། མཚོ་འཕགས་སྨི4500ཡོད་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་མི་དམངས་སྨན་ཁང་གི་ལྟག་རྒྱབ་ར་སྐོར་གྱི་དབྱང་དབུགས་སྣོད་ལྡུག་འཁོར་ཁང་ནང་དུ་འཕྲུལ་འཁོར་དུ་འུར་སྒྲ་བར་མེད་དུ་གྲག་ལ། ལོ23ཡིན་པའི་ཚེ་འབྲུག་གིས་ལག་ཤུབས་གྱོན་ཞིང་ལུས་པོ་བསྒུར་ནས་དབྱང་དབུགས་སྣོད་ཀྱི་ཁ་དམ་མིན་ལ་ཞིབ་བཤེར་བྱེད་བཞིན་ཡོད། ལོ32ཡིན་པའི་བསོད་ནམས་དཔལ་ལྡན་གྱིས་འདྲུད་འཁོར་སྟེང་དབྱང་དབུགས་བླུགས་ཡོད་པའི་དབྱང་དབུགས་ཀྱི་སྣོད་དག་གྲལ་ཕྲེང་འགྲིག་མོས་བསྒྲིགས་ནས་ཕར་འདེད་བཞིན་ཡོད། སྣོད་ཀྱི་སྟེང་དུ་ཕབ་ཡོད་པའི“གསོ་རླུང་མཐོ་སྒང་དབྱང་དབུགས”ཞེས་པའི་ཡི་གེ་དཀར་པོ་དེ་དག་ཉི་འོད་འོག་མིག་ལམ་དུ་ལྷག་པར་གསལ།

སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་གྱིས་བསྐྲུན་པའི་དམངས་འཚོའི་དབྱང་དབུགས་ས་ཚིགས་དེས“ཚེ་སྲོག་དབྱང་དབུགས”རྒྱུན་ཆད་མེད་པར་བསྐྱལ་ཏེ། ཡུལ་དེའི་འབྲོག་པ་མང་ཚོགས་ཀྱི་འཚོ་བར་གསོན་ཤུགས་བསྩལ།

མཚོ་བོད་མཐོ་སྒང་གི་ཕང་བ་རུ་གནས་ཡོད་པའི་ཆུ་དམར་ལེབ་རྫོང་གི་ཆ་སྙོམས་མཚོ་འཕགས་སྨི4500ལས་བརྒལ་ཡོད། དུས་ཡུན་རིང་པོར། ཡུལ་དེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ། ཕྱི་འོང་ཡུལ་སྐོར་པའི་ལྟད་མོ་ཉམས་ལེན། མཐོ་སྒང་གི་རིག་གནས་ལུས་རྩལ་འགྲན་སྡུར་སྣ་ཚོགས་སྤེལ་བ་བཅས་གང་ཞིག་ཡིན་རུང་དབྱང་དབུགས་མཁོ་འདོན་ཞེས་པའི་དཀའ་ཁག་དང་འབྲལ་ཐབས་མེད།

ཡར་སྔོན། ཆུ་དམར་ལེབ་རྫོང་དུ་རང་ཡུལ་གྱི་དབྱང་དབུགས་ལྡུག་པའི་ཐོན་སྐྱེད་བྱེད་ས་མེད་པས། དབྱང་དབུགས་མཁོ་ན་བར་ཐག་ལེ་དབར་བརྒྱ་ཡིས་ཆོད་པའི་ཟི་ལིང་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར་ནས་དྲུད་ཡོང་དགོས་པས། དབྱང་དབུགས་དམ་བུ་གང་གི་རིན་གོང་ནང་ལོགས་དང་བསྡུར་ན་ཤིན་ཏུ་མཐོ།

འཕེལ་རྒྱས་དང་དམངས་འཚོའི་གེགས་སུ་གྱུར་བའི་དཀའ་ཁག་འདི་བསལ་ཆེད། 2024ལོར། ཆུ་དམར་ལེབ་རྫོང་གཡུ་སྐེ་གྲོང་རྡལ་གྱིས་མཉམ་ལས་བྱེད་སྟངས་གསར་སྐྲུན་བྱས་ཏེ། བཀྲ་ཤིས་སྡེ་ཁུལ་དང་ཆུ་དམར་ལེབ་ཧྲེན་ཁང་ཕྱུགས་ལས་གསར་སྤེལ་ཚད་ཡོད་ཀུང་སི་གཉིས་ལ་སྤྱི་པའི་ཐོན་ཁུངས་ཧྲག་སྡེབ་བྱེད་དུ་བཅུག་པ་དང་། སྔོན་ཆད་ཀྱི་རྫོང་དབྱང་དབུགས་མཁོ་འདོན་ལྟེ་གནས་ཀྱི་ར་བ་དང་སྒྲིག་བཀོད་ཆ་ཚང་གླས་ནས། ཆེད་ལས་ཀྱི་གསོ་རླུང་དབྱང་དབུགས་ཚན་རྩལ(མཚོ་སྔོན)ཚད་ཡོད་ཀུང་སི་ནང་འདྲེན་བྱས་ཏེ་ཚོང་གཉེར་དང་དོ་དམ་བྱེད་དུ་བཅུག

2025ལོར་ཡུལ་དེས་སྒོར་ཁྲི200ཡི་ཆེད་སྤྱོད་མ་དངུལ་བཏང་སྟེ་དབྱང་དབུགས་ལྡུག་པའི་སྒྲིག་ཆས་དང་། འཁྱེར་བདེ་བའི་དབྱང་དབུགས་དམ་བེ་སྟོང་བ་སྟོང་ལྷག་ཉོས་ཡོང་སྟེ་ཚད་ལྡན་ཅན་གྱི་དབྱང་དབུགས་ལྡུག་པའི་བཟོ་གྲྭ་དངོས་སུ་བཙུགས་པས། རང་ཡུལ་གྱི་དབྱང་དབུགས་མཁོ་འདོན་གྱི་ཐོན་ལས་ལ་དེ་ལྟར་རྩ་བ་རྒྱས་ཤིང་མྱུ་གུ་འབུས།

ཚེ་འབྲུག་དང་བསོད་ནམས་དཔལ་ལྡན་གཉིས་ནི་ལས་གཞི་འདི་ལས་ཕན་ཐོགས་མཁན་གྱི་གྲས་རེད།

2025ལོར། ཚེ་འབྲུག་གིས་མཚོ་སྔོན་སློབ་ཆེན་དུ་འཕྲུལ་གློག་བཟོ་འགོད་ཆེད་ལས་སྦྱངས་ནས་མཐར་ཕྱིན་རྗེས། ཟི་ལིང་ནས་ཆེད་ལས་དང་མཐུན་པའི་བྱ་བ་ཞིག་རྙེད་མོད། འོན་ཀྱང་རྒྱང་རིང་གི་ཆུ་དམར་ལེབ་ཏུ་ཡོད་པའི་ཕ་མ་གཉིས་སྙོར་མཁན་མེད་པ་བསམ་སྐབས་ཁོའི་སེམས་པ་ནམ་ཡང་སྨྲེང་གིས་ཁེངས་ཡོད།

དེ་ལྟར་ཁོ་རང་ཐེ་ཚོམ་གྱི་རྒྱ་ལས་ཐར་དཀའ་བའི་སྐབས་སུ། ཆུ་དམར་ལེབ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་བསྒྲགས་པའི་དབྱང་དབུགས་མཁོ་འདོན་གྱི་ལས་གཞིར་མི་སྡུད་པའི་སྤྱི་བསྒྲགས་མཐོང་། “སྣོད་ལྡུག་ཞིག་གསོ་བཟོ་པ”ཡི་ལས་རྐང་དེའི་ཆ་རྐྱེན་རང་ཉིད་ཀྱི་ཆེད་ལས་དང་མཐུན། ཚད་ལྡན་གྱི་ཡིག་རྒྱུགས་དང་ཁ་རྒྱུགས་སྤྲད་པ་བརྒྱུད། ཁོས་བདེ་བླག་གིས་རྒྱུགས་འཕྲོད་ནས་དབྱང་དབུགས་མཁོ་འདོན་འཁོར་ཁང་གི་རང་ཡུལ་གྱི་ལས་བཟོ་པ་སྐོར་དང་པོར་གྱུར།

“ད་ལྟ། ཟླ་བ་རེ་རེར་གཏན་འཇགས་ཀྱི་ཡོང་སྒོ་ཡོད་ལ། ལས་ཚོགས་གྲོལ་རྗེས་ཕ་མ་གཉིས་ལ་ཟ་མ་བསྐོལ་ཐུབ་ཅིང་འཆམ་འཆམ་དུའང་འགྲོ་རོགས་བྱེད་ཐུབ། སྔོན་ཆད་ལྟར་ཡར་འདུར་མར་རྒྱུག་བྱེད་མི་དགོས”ཞེས་ཚེ་འབྲུག་གིས་དེ་ལྟར་བཤད།

གཞན་ཡུལ་དུ་ཞོར་ལས་གཉེར་བཞིན་པའི་བསོད་ནམས་དཔལ་ལྡན་གྱིས་ཀྱང་དབྱང་དབུགས་ལྡུག་པའི་བཟོ་གྲྭར་མི་སྣ་སྡུད་པའི་ཆ་འཕྲིན་མཐོང་མ་ཐག་ཏུ། རང་ཉིད་ཀྱི་མཚམས་སྦྱོར་ཡི་གེ་སྤྲད་དེ། ཏན་ཏིག་སྒྲུབ་ཕོད་ཀྱི་བརྩོན་ཤུགས་དང་ཕུན་སུམ་ཚོགས་པའི་ལག་འགུལ་གྱི་ཉམས་མྱོང་ལ་བརྟེན་ནས་བདེ་བླག་གིས་ལས་རྐང་དུ་ཞུགས།

མིག་སྔར། དབྱང་དབུགས་ལྡུག་པའི་འཁོར་ཁང་དུ་བསྡོམས་པས་ལས་ཀ་པ4ཡོད་ལ། ཚེ་འབྲུག་དང་བསོད་ནམས་དཔལ་ལྡན་གཉིས་ཡུལ་དེའི་ལས་བཟོ་པ་ཡིན་པ་ལས་གཞན། དབྱང་དབུགས་ཚན་རྩལ་ཀུང་སིས་མངགས་ཡོད་པའི་ཧྭ་ཏ་ཚོགས་སྒྲིལ་གྱི་ལས་གཉེར་ཆེད་ལས་པ་གཉིས་ཀྱིས་ལག་རྩལ་མཛུབ་སྟོན་དང་ཚོང་ཁྲོམ་རྒྱ་བསྐྱེད་ཀྱི་འགན་འཁུར་ཡོད།

སྲིད་གཞུང་དང་ཁེ་ལས་ཀྱི་ལས་བགོས་གསལ་ཞིང་དགེ་མཚན་གསབ་རེས་བྱས་ཡོད་པས། བེད་མེད་དུ་བསྐྱུར་ཡོད་པའི་རྒྱལ་དབང་རྒྱུ་ནོར་ལ་བསྐྱར་དུ་འཚོ་སྟོབས་རྒྱས་སུ་བཅུག་ལ། རང་ཡུལ་གྱི་མང་ཚོགས་ལ་དངོས་གནས་དྲང་གནས་ཀྱི་ལས་ཞུགས་གོ་སྐབས་ཀྱང་བསྐྲུན་ཡོད།

“ཁེ་ལས་ལ་ཐོབ་པའི་ཡོང་སྒོ་ཚང་མ་ལག་རྩལ་རིམ་སྤར་དང་དྲ་གནས་རྒྱ་བསྐྱེད། ཐོན་ནུས་མཐོར་འདེགས་བཅས་ཀྱི་ཕྱོགས་སུ་བཀོལ། སྲིད་གཞུང་ལ་ཐོབ་པའི་ཁེ་སྤོགས་ངེས་པར་གཏོང་དགོས་པའི་འགྲོ་སྒོ་ལས་གཞན་ཚང་མ་སྡེ་བ་སོ་སོར་བྱིན་ནས། ཆེད་དུ་རྩྭ་ཐང་སྐོར་སྲུང་དང་གྲོང་གསེབ་ཁོར་ཡུག་གཙང་སྦྲ་དག་ཐེར་སོགས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་རྐང་དུ་བཀོལ་བ་ཡིན”ཞེས་གསོ་རླུང་དབྱང་དབུགས་ཚན་རྩལ(མཚོ་སྔོན)ཚད་ཡོད་ཀུང་སིའི་འགན་འཁུར་པ་མ་ཞའོ་ཡིས་དེ་ལྟར་བཤད།

སྔོ་བསངས་བསངས་ཀྱི་དབྱང་དབུགས་དམ་བེ་རེ་རེ་ནི་མཐོ་སྒང་གྲང་འཁྱགས་ས་ཁུལ་མང་ཚོགས་ཀྱི་བདེ་ཐང་དང་འབྲེལ་བའི་དགོས་མཁོ་རེ་རེ་ཡིན་ལ། གྲོང་གསེབ་ཀྱི་ཡོང་འཕར་ཕྱུག་འགྱུར་དང་འབྲེལ་བའི་མཛེས་སྡུག་གི་རེ་སྨོན་རེ་རེའང་ཡིན། ཆུ་དམར་ལེབ་རྫོང་དུ་མཐོ་སྒང་གི་དབྱང་དབུགས་མཁོ་འདོན་གྱི་ཐོན་ལས་ཆུང་ཆུང་དེས་སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་གྱི་གསར་སྐྲུན་བྱེད་སྟངས་ལ་བརྟེན་ནས། ཐོན་ཁུངས་འབེལ་པོ་དང་ལས་ཞུགས་ཡོང་འཕར། དམངས་འཚོར་ཕན་ཐོགས། སྐྱེ་ཁམས་སྲུང་སྐྱོང་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལམ་ཁ་ཞིག་ཏུ་བསྐྱོད་ཡོད་ལ། མཐོ་སྒང་མང་ཚོགས་ལ་རང་ཁྱིམ་གྱི་སྒོ་ཁ་རུ་རྟག་བརྟན་གྱི་བདེ་སྐྱིད་ལོངས་སུ་སྤྱོད་དུ་བཅུག་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།