
ཟླ6པའི་ཚེས7ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ཤེལ་དཀར་དཀར་ཡག་སྲང་ལམ་དུ་ཡོད་པའི་ལོ་བརྒྱ་བོད་ལུགས་སྤྲི་གོར་ཁང་གི་སྒོ་བྱང་སྟེང་དུ་ཉི་ཟེར་འཕྲོས་ཡོད། ཚོང་ཁང་གི་སྒོ་ཕྱེ་བ་ན། འབྲི་མོའི་འོ་མ་དང་ཚ་སྐེམ་གྱི་དྲི་ངད་འདྲེས་པའི་དྲི་མ་ཞིམ་པོ་ཞིག་གང་སར་འཐུལ་འདུག གློག་འོད་ཀྱི་འོག་ཏུ་ཤེལ་སྒམ་ནང་གི་བོད་ལུགས་སྤྲི་གོར་དག་གྲལ་ཕྲེང་འགྲིག་མོས་བསྒྲིགས་ཤིང་། དེ་དག་གི་སྟེང་དུ་བཀྲ་ཤིས་རྟགས་བརྒྱད་དང་དབྱར་རྩྭ་དགུན་འབུ། གངས་རི་སོགས་ཀྱི་རི་མོ་སྣ་ཚོགས་ཕབ་ཡོད་ལ། རེ་རེའི་སྟེང་ནས་བཟོ་བོའི་ལག་རྩལ་གྱི་ཞིབ་ཆ་མངོན་པར་མཐོང་ཐུབ།
ལས་སྟེགས་ཀྱི་འགྲམ་དུ། 95ལོའི་རྗེས་སུ་སྐྱེས་པའི་སྦྱིན་བདག་མ་ཤེས་རབ་སྒྲོལ་མས་རྣམ་རིག་བསྒྲིམས་ནས་སྤྲི་གོར་གྱི་སྟེང་དུ་རི་མོ་ཕབ་བཞིན་ཡོད།
“མི་ཚེ་ཞིག་ལ་སྤོབས་པ་ཆེན་པོས་ལས་ཀ་ཞིག་ལས་ན་འགྲིག”ཅེས་ཤེས་རབ་སྒྲོལ་མས་ལག་གི་ལས་ཀ་བསྐྱུར་ནས་འཛུམ་དམུལ་དམུལ་གྱིས་དེ་ལྟར་བཤད།
ཆུང་དུས་ནས་མངར་ཟས་ཟ་རྒྱུར་དགའ་བའི་བོད་རིགས་བུ་མོ་དེ་སློབ་ཆེན་ནས་མཐར་ཕྱིན་རྗེས། ཡུས་ཧྲུའུ་ཡི་ཚ་སྐེམ་ཚོང་ཁང་སོ་སོར་སོང་ནས་བརྟགས་པ་ན། སྤྲི་གོར་ཚོང་ཁང་ཚང་མས་བཟོ་བཞིན་པ་ནི་སྲོལ་རྒྱུན་གྱི་སྤྲི་གོར་ཡིན་པ་ལས། རང་ཡུལ་གྱི་ཁྱད་ཆོས་དང་གྲུབ་ཆ་འདྲེས་པའི་སྤྲི་གོར་གཅིག་ཀྱང་མེད་པའི་ཚོང་རའི་སྟོང་ཆ་དེ་ཤེས།
ཐེངས་ཤིག་ལ། ཤེས་རབ་སྒྲོལ་མས་སྟེས་དབང་གིས་དྲ་ཐོག་ཏུ་བོད་ལུགས་སྤྲི་གོར་ལས་པའི་བརྙན་ཐུང་ཞིག་མཐོང་། དྲ་ཐོག་གི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མངར་ཟས་དེ་དག་མཐོང་བའི་སྐད་ཅིག་མ་དེར་མོས་རང་གི་ཁ་ཕྱོགས་རྙེད། ཉིན་གཉིས་པར། བསམ་ཕོད་ཅིང་སྒྲུབ་ཕོད་པའི་བུ་མོ་དེས་ཀོང་ཀྲོའུ་རུ་འཕུར་བའི་གནམ་གྲུའི་སྤ་སེ་ཉོས་ཏེ་ཚ་སྐེམ་སློབ་གྲྭའི་ནང་དུ་དེའི་སྐོར་སློབ་ཏུ་སོང་། ཟླ་ངོ་གསུམ་གྱི་རིང་ལ་དགུང་འཕྱི་ཉལ་དང་ནངས་སྔ་ལངས་བྱས་ཏེ་སྤྲི་གོར་གྱི་བཟོ་རྩལ་མ་ལུས་པ་སྦྱངས་བ་མཐར་ཕྱིན་པས། མཐའ་མར་སྤྲི་གོར་གྱི་བཟོ་རྩལ་དེ་ཡུས་ཧྲུའུ་རུ་འཁྱེར་ཡོང་ཐུབ་སོང་།
2025ལོར། ལོ་བརྒྱ་བོད་ལུགས་སྤྲི་གོར་ཚོང་ཁང་གི་སྒོ་ཕྱེ་སྟེ། ན་གཞོན་བུ་མོ་དེའི་ལས་བཏོད་ཀྱི་འདུན་མའི་མེ་ཏོག་མཐོ་སྒང་དུ་ཐོག་མར་བཞད།
“ཉོ་བདག་མང་པོ་ཞིག་ནང་དུ་ཐོན་དུས། ང་ཚོས་སྤྱིར་བཏང་གི་སྤྲི་གོར་སྟེང་དུ་བོད་ལུགས་ཀྱི་རི་མོ་ཕབ་ཡོད་པར་འདོད་ཡོད་མོད། དོན་དངོས་སུ་ཁྱད་པར་ཤིན་ཏུ་ཆེ།”ཤེས་རབ་སྒྲོལ་མས་བཤམས་སྒམ་བསྟན་ནས། “གཞན་དང་མི་མཚུངས་པ་ནི་མངར་ཟས་ལ་དཀར་པོ་ཆིག་ཐུབ་དང་ནས་དང་འབྲི་མོའི་འོ་མ་བཅས་ཀྱི་རིགས་ཡོད། གདོད་མའི་རྒྱུ་ཆ་འདེམས་པ་ནས་སྤྲི་གོར་ལས་པའི་བཟོ་རྩལ་བར་དུ་ཚང་མ་ཡུས་ཧྲུའུ་རང་ཡུལ་གྱི་བྲོ་བར་དམིགས་ནས་ཞིབ་འཇུག་གསར་གཏོད་བྱས་ཡོད”ཅེས་མཚམས་སྦྱོར་བྱས།
ཚོང་ཁང་ནང་གི་ཆེས་བྲིན་པའི་སྤྲི་གོར་ནི་བོད་ལུགས་ཀྱི་ཐི་ལ་མུའུ་སི་རེད། དེ་ནི་ཁི་ཁི་ཕྱེ་ཡིས་སྤྲི་གོར་གྱི་ངོས་སུ“ཡུས་ཧྲུའུ”ཞེས་པའི་ཡི་གེ་དང་དབྱར་རྩྭ་དགུན་འབུ། བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བཅས་བྲིས་ཡོད་པར་མ་ཟད། ད་རུང་ན་གཞོན་རྣམས་དགའ་བའི་རྐང་དྲུག་སོགས་ཀྱང་བྲིས་ཡོད། སྤྲི་གོར་གཤར་ན་ནང་དུ་རང་ཡུལ་ནས་ཐོན་པའི་གྲོ་མ་ཡོད་ལ། མར་དང་གྲོ་མ་ལྕེའི་སྟེང་ནས་རིམ་གྱིས་ཞུ་ན་བྲོ་བ་ཤིན་ཏུ་ཞིམ། སྤྲི་གོར་རིགས་འདིར་བོད་ཡུལ་རིག་གནས་ཀྱི་མྱོང་བ་ངོ་མ་ཡོད་པར་མ་ཟད། མཐོ་སྒང་གི་ཐུན་མོང་མ་ཡིན་པའི་བྲོ་བ་ལྡན་པའི་མངར་ཟས་ཀྱང་ཡིན་པས། རང་ཡུལ་གྱི་ཉོ་མཁན་དང་གཞན་ཡུལ་གྱི་ཡུལ་སྐོར་པ་ཚང་མའི་དགའ་བསུ་ཀུན་ནས་ཐོབ།
བོད་ལུགས་སྤྲི་གོར་ལས་ན་ཆེས་དཀའ་བ་ནི་སྤྲི་གོར་གྱི་ཚུགས་ཀ་གཏོད་རྒྱུ་དེ་རེད། བཀྲ་ཤིས་རྟགས་བརྒྱད་ཀྱི་ཐིག་རིས་ཚང་མ་གཟབ་ནན་གྱིས་འབྲི་དགོས་ལ། དབྱར་རྩྭ་དགུན་འབུའང་བལྟས་ན་ངོ་མ་ལྟ་བུ་ཞིག་འབྲི་དགོས། གངས་རིའི་སྐྱ་ཐིག་ཀྱང་བརྩེགས་རིམ་གསལ་དགོས་པས། རྙོག་འཛིང་ཆེ་བའི་དམིགས་བཟོས་སྤྲི་གོར་ཁ་ཤས་ལ་མཚོན་ན་ཚུགས་ཀ་བཟོ་བའི་ཐད་ལ་དུས་ཚོད་བཞི་ལྔ་ཙམ་དགོས།
“བོད་ལུགས་སྤྲི་གོར་ལས་ན་དུས་ཚོད་མང་པོ་དགོས་རུང་བྲོ་བ་ནི་སྤྱིར་བཏང་གི་སྤྲི་གོར་དང་གཅིག་མཚུངས་ཡིན།”མོས་ཚང་མས་རྩམ་པ་དང་དཀྲུགས་ཇ་མ་གཏོགས་མི་ཤེས་པའི་བོད་ལུགས་ཟས་མཆོག་ལ་བཅངས་པའི་འགྱུར་མེད་བག་ཆགས་བསྒྱུར་ནས། ད་རུང་ཟས་མཆོག་མང་པོ་ཞིག་ཡོད་པ་ཤེས་སུ་འཇུག་རྒྱུ་ཡིན་ཟེར།
“རྒྱུན་འཛིན་ཞེས་པ་ནི་འདས་ཟིན་པ་བསྲུངས་ནས་འགྱུར་བ་མི་གཏོང་བ་དེ་མ་ཡིན་པར། རིག་གནས་སྐབས་ཐོག་ཏུ་དར་དུ་བཅུག་སྟེ་ན་གཞོན་རྣམས་ལ་རང་འགུལ་གྱིས་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་དེ་རེད།”ཤེས་རབ་སྒྲོལ་མས་བལྟས་ན། སྤྲི་གོར་ནི་ཆེས་རྒྱུན་མཐོང་དང་ཆེས་དྲོད་ཁོལ་ལྡན་པའི་ཐེག་བྱད་ཅིག་ཡིན་པར་སྙམ། བོད་ལུགས་ཀྱི་གྲུབ་ཆ་དེ་སྤྲི་གོར་སྟེང་དུ་བྲིས་ཏེ། ཚང་མར་མངར་ཟས་ཟ་བའི་ལྷོད་ཡངས་ཀྱི་སྣང་ཚུལ་ཞིག་སྦྱིན་དགོས་པ་དང་། བོད་ཀྱི་རིག་གནས་ལ་རང་ཤུགས་ཀྱིས་རོལ་མྱོང་བྱེད་དུ་འཇུག་དགོས་པ་ལས། བར་ཐག་འཛིན་དུ་འཇུག་མི་རུང་།
ཚོང་ཁང་གི་སྒོ་ཕྱེ་རྗེས། ཉོ་བདག་ཞིག་བྱུང་བ་ལ་ཤེས་རབ་སྒྲོལ་མས་ད་རག་བར་དུ་བརྗེད་མེད། དེ་ནི་ཡུས་ཧྲུའུ་ལ་ཡུལ་སྐོར་དུ་ཡོང་བའི་ཨ་ནེ་ཞིག་རེད། མོ་ཚོང་ཁང་ནང་དུ་ཐོན་ནས་ཡར་བལྟ་མར་བལྟ་གང་མང་བྱས་ཤིང་། མངར་ཟས་སྣ་རེ་རེར་ཞིབ་མོར་བལྟས་རྗེས་ཁྱད་ཆོས་ལྡན་ཞིང་སེམས་བསམ་པས་ལས་པར་བསྟོད་བསྔགས་བྱས། སེམས་ལའང་མ་དྲན་པ་ཞིག་ལ་ཉིན་གཉིས་པའི་ཞོགས་པར་ཨ་ནེ་དེ་ཆེད་དུ་ཚོང་ཁང་ནང་དུ་ཡོང་ནས། ཉིན་གུང་གནམ་གྲུར་བསྡད་ནས་ཕྱིར་ལོག་དགོས་པ་དང་། མ་སོང་གོང་ངེས་པར་མངར་ཟས་སྣ་འགའ་ཉོས་སོང་སྟེ་ཁྱིམ་མིར་བྲོ་བ་མྱང་དུ་འཇུག་རྒྱུ་ཡིན་ཟེར།
ཁས་ལེན་དེས་ཤེས་རབ་སྒྲོལ་མ་ལ་ཞིབ་ཆ་རེ་རེར་ལྷག་ཏུ་གཟབ་ཏུ་བཅུག གཤར་གྲིའི་ཤུབ་ངོས་སུ་བཀྲ་ཤིས་སྨོན་འདུན་དཔར་ཡོད་ལ། སྐྱེ་སྐར་ཞྭ་མོའི་སྟེང་དུའང་དྭངས་གཙང་གི་གངས་རི་དཔར་ཡོད། ཚོང་ཁང་ནང་དུ་སྲོལ་རྒྱུན་གྱི་བོད་ལུགས་ཁྱད་ཆོས་ལྟར་མཛེས་སྤྲས་བྱས་ཡོད་པས། ཉོ་བདག་རྣམས་ཚོང་ཁང་ནང་དུ་ཐོན་པ་ནས་མར་ཙོག་སྟེ་མངར་ཟས་ཟ་བ་དང་། དེ་ནས་མངར་ཟས་ལག་ཏུ་བཟུང་ནས་ཁ་བྲལ་རག་བར་གྱི་གོ་རིམ་ཧྲིལ་པོར་གཞན་དང་མི་མཚུངས་པའི་སྣང་ཚུལ་ཞིག་ཚོར་ཐུབ།
“ཕྱིན་ཆད། ངས་མི་སྔར་བས་མང་པོ་ཞིག་ལ་བོད་ལུགས་མངར་ཟས་ཀྱང་དར་ཐུབ་པ་དང་དོན་ཤིན་ཏུ་ལྡན་པ་ཞིག་ཡིན་པ་ལས། འགྱུར་བ་མེད་པའི་ཚུགས་ཀ་ཞིག་མིན་པ་ཤེས་སུ་འཇུག་རྒྱུ་ཡིན”ཞེས་མ་འོངས་པའི་སྐོར་གླེང་དུས་ཤེས་རབ་སྒྲོལ་མའི་མིག་མདངས་ལ་རྣམ་རིག་ཅིག་རྒྱས་འདུག
སྤྲི་གོར་གསར་པ་སྐོར་ཞིག་སླ་ང་ལས་ཐོན་བྱུང་། དྲི་མ་ཞིམ་པོ་ཞིག་ཡང་བསྐྱར་ཚོང་ཁང་ནང་དུ་འཐུལ། ཤེས་རབ་སྒྲོལ་མས་ཚོང་ཁང་ནང་དུ་ཐོན་པའི་འགྲུལ་པ་འཛུམ་གྱིས་བསུས། མོའི་ལས་བཏོད་ཀྱི་ལམ་ཁ་ནི་སླ་ང་ལས་བླངས་མ་ཐག་པའི་སྤྲི་གོར་དང་འདྲ་བར་ཚ་རླབས་ལམ་ལམ་དུ་འཕྱུར་ནས་རེ་བས་ཁེངས་འདུག །