ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རབས་གསར་པའི་མི་ཐབས་རིག་ནུས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ་ནི་ང་ཚོར་འཛམ་གླིང་ཧྲིལ་པོའི་ཚན་རྩལ་འགྲན་རྩོད་ཀྱི་རང་འགུལ་དབང་ཆ་ཐོབ་པའི་འཐབ་ཇུས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་དང་། རང་རྒྱལ་གྱི་ཚན་རྩལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་། ཐོན་ལས་ལེགས་སྒྲིག་རིམ་སྤོར། ཐོན་སྐྱེད་ནུས་ཤུགས་ཧྲིལ་པོ་འཕར་བ་བཅས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ཐོན་ཁུངས་གལ་ཆེན་ཞིག་ཡིན། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོར། རང་རྒྱལ་གྱི་མི་ཐབས་རིག་ནུས་ཐོན་ལས་མགྱོགས་མྱུར་སྟོབས་ཆེར་ཕྱིན་པ་དང་རྣམ་པ་སྔར་བས་རྒྱ་སྐྱེད་དུ་ཕྱིན་ནས། གསར་གཏོད་ཀྱི་གསོན་ཤུགས་ཆེན་པོར་བརྟེན་ནས་རྒྱུན་ཆད་མེད་པར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་དགེ་མཚན་གསར་བ་བསྐྲུན།
ཧྲེན་ཀྲེན་གྲོང་ཁྱེར་ཧྥུའུ་ཐེན་ཆུས་ཀྱི་མི་ཐབས་རིག་ནུས་བཀོལ་སྤྱོད་དཔེ་སྟོན་ཁྲོམ་གཞུང་དུ། མི་ཐབས་རིག་ནུས་བཀོལ་སྤྱོད་བརྒྱ་ལྷག་གཅིག་སྡུད་ལས་གནས་སུ་ཞུགས། དེ་ཚོས་ལས་ཀ་སྒྲུབ་ཤེས་པ་མ་ཟད། ད་དུང“གྲོས་བསྡུར་བྱས་ནས་ལས་ཀ་སྒྲུབ”ཐུབ། བར་སྣང་དུ་མི་མེད་གནམ་གྲུས་གནད་ལ་འཁེལ་བའི་སྒོ་ནས་ལམ་ངོས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དབྱེ་འབྱེད་བྱས་ཏེ་ས་ངོས་ཀྱི་སྐོར་ཞིབ་རླངས་འཁོར་ཡོང་ནས་མྱུར་དུ་ཐག་གཅོད་བྱེད་ཐུབ། རིག་ནུས་ཚོང་ཁང་ལ་འབྱོར་བའི་མངགས་ཐོ་དེ་འཕྲུལ་མིས་དབྱེ་འབྱེད་དང་འཕྲུལ་ཁྱིས་སྐྱེལ་བཞིན་ཡོད། རིག་ལྡན་དཀྱིལ་གཞུང་གི་གཅིག་གྱུར་བཀོད་གཏོང་འོག། རིགས་སོ་སོའི་རིག་ནུས་སྒྲིག་ཆས་མཐུན་སྦྱོར་ལས་སྒྲུབ་བྱས་ནས་གྲོང་ཁྱེར་འཁོར་སྐྱོད་དང་བཅོས་སྐྱོང་སྔར་ལས་སྟབས་བདེ་ཡོང་ཡོད།
ཁྲོམ་གཞུང་ཞིག་ཏུ་རང་རྒྱལ་གྱི་མི་ཐབས་རིག་ནུས་མགྱོགས་མྱུར་ངང་ཚོད་ལྟ་ཁང་ནས་དོན་དངོས་ཀྱི་ཡུལ་རྣམ་ཕྱོགས་སུ་སྐྱོད་པའི་འཕེལ་འགྱུར་མངོན་ཡོད། མིག་སྔར་རང་རྒྱལ་གྱི་མི་ཐབས་རིག་ནུས་ལྟེ་བའི་ཐོན་ལས་ཀྱི་གཞི་ཁྱོན་སྒོར་ཁྲག་ཆེན་གཅིག་ཁྲག་ཁྲིག་གཉིས་ལས་བརྒལ་ནས་མི་ཐབས་རིག་ནུས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་འཛམ་གླིང་གི་སྐས་རིམ་དང་པོའི་གྲས་སུ་སླེབས་ཡོད། འཛམ་གླིང་ཧྲིལ་པོའི་ཨང་དང་པོ་ནས་བཅུ་པའི་བར་གྱི་ཁུངས་འབྱེད་དཔེ་དབྱིབས་ཁྲོད་བརྒྱད་ནི་ཀྲུང་གོ་ནས་ཡོང་བ་དང་། མི་གཟུགས་འཕྲུལ་མི་བཅུ་རེའི་ནང་དུ་བརྒྱད་ནི་ཀྲུང་གོས་ཞིབ་འཇུག་བཟོ་སྐྲུན་བྱས་པ་དང་། མི་ཐབས་རིག་ནུས་ཀྱི་ཆེད་ཁེ་ནི་ཀྲུང་གོས་བརྒྱ་ཆའི་དྲུག་ཅུ་ཟིན་ཡོད།
འཚོགས་མ་ཐག་པའི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་། ཀྲུང་གོ་ཚན་རིག་གླིང་དང་བཟོ་སྐྲུན་གླིང་གཉིས་ཀྱི་ཡོའན་ཧྲིའི་ཚོགས་ཆེན། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་སྐབས་མི་ཐབས་རིག་ནུས་དབྱར་མཚོ་རྒྱས་པ་ལྟར་དར་རྒྱས་བྱུང་ཡོད། ང་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་དུས་རབས་ཀྱི་འགྲན་སློང་བསུ་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། 2035ལོར་སླེབས་སྐབས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཐུབ་པའི་དམིགས་འབེན་ཕྱོགས་སུ་བློ་རྩ་བརྟན་པོས་མདུན་སྐྱོད་བྱས་ནས། ཚན་རྩལ་གསར་གཏོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་སྣེ་ཁྲིད་ཏན་ཏིག་བྱ་དགོས་ཞེས་བསྟན་པ་དང་། མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་དང་བཅོས་སྐྱོང་གི་རང་འགུལ་དབང་ཆ་སྟངས་འཛིན་ནན་མོ་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁྲལ་ཡིན།
2014ལོའི་ཀྲུང་གོའི་ཚན་རིག་གླིང་དང་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོའན་ཧྲིའི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་ཐབས་རིག་ནུས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། འདི་ལྟ་བུའི་ལག་རྩལ་གསར་པ་དང་ཁྱབ་ཁོངས་གསར་པར“དུས་དཔག་བབ་བསྟུན་དང་། ཁྱོན་ཡོངས་ལ་བསམ་གཞིགས། ཇུས་འགོད་དམ་འཛིན། སྐུལ་སྤེལ་ཏན་ཏིག”བཅས་བྱེད་དགོས་པའི་བརྡར་གཅོད་གལ་ཆེན་གནང་། 2018ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ལ་འགོ་འཛིན་གནང་ནས། མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་འཕེལ་ཕྱོགས་ལ་ཆེད་དོན་ཞིབ་འཇུག་བྱས་ནས་རང་རྒྱལ་གྱི་རབས་གསར་པའི་མི་ཐབས་རིག་ནུས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ཐུན་མོང་སློབ་སྦྱོང་ཡུལ་དངོས་ཀྱི་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲིར་བག་ཆགས་ཟབ་མོ་བཞག་ཡོད།
ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཕེང་ཁྲེང་རྒྱལ་ཁབ་ཚོད་ལྟ་ཁང་གི་ཀྲུའུ་རེན་ཀའོ་ཝུན་གྱིས་བཤད་རྒྱུར། སྐབས་དེར་སྤྱི་ཁྱབ་ཧྲུའུ་ཅིས་དཔེ་ཞིག་དྲངས་ནས་མི་ཐབས་རིག་ནུས་ལ་སྣེ་ཁྲིད་རང་བཞིན་ཆེན་པོ་ལྡན་པའི་ནན་བཤད་གནང་། མི་ཐབས་རིག་ནུས་ནི་རེས་སྐོར་འདིའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལག་རྩལ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་སྔོན་ཐོན་གྱི་འཐབ་ཇུས་གཟིགས་རྒྱང་ལ་བརྟེན་ནས། རང་རྒྱལ་གྱིས་མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་གི་རང་འགུལ་དབང་ཆ་སྟངས་འཛིན་ནན་མོ་དང་རིག་ནུས་དུས་རབས་ཀྱི་མཐོ་ས་འཛིན་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད།
དེའི་རྗེས་སུ་ས་གནས་ཁག་ཏུ་རྟོག་ཞིབ་དང་གྲོས་ཚོགས་གལ་ཆེན་མང་པོའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མི་ཐབས་རིག་ནུས་དེ་དངོས་ཕུང་དཔལ་འབྱོར་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་བཤད་གནང་།
2025ལོར་སླེབས་སྐབས་ཀྲུང་གོའི་མི་ཐབས་རིག་ནུས་གློ་བུར་དུ་འཕེལ་རྒྱས་སུ་སོང་ཞིང་། ལོ་དེའི་ཟླ4པར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐོག་སླར་ཡང་མི་ཐབས་རིག་ནུས་གཙོར་བཟུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རབས་གསར་པའི་མི་ཐབས་རིག་ནུས་ལག་རྩལ་མགྱོགས་མྱུར་རིམ་འཕེལ་བྱུང་བའི་གནས་བབ་གསར་པའི་མདུན་དུ། རྣམ་པ་གསར་པའི་རྒྱལ་ཡོངས་སྒྲིག་སྲོལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་སྟོབས་རང་སྤེལ་མཐའ་འཁྱོངས་དང་བཀོལ་སྤྱོད་ཕྱོགས་སྟོན་མངོན་གསལ་ཡོང་བར་བྱས་ཏེ། རང་རྒྱལ་གྱི་མི་ཐབས་རིག་ནུས་ཕན་ཡོད་དང་། བདེ་འཇགས། དྲང་གཞག་བཅས་ཀྱི་ཕྱོགས་སུ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅིས་བསྟན་པའི་ཁ་ཕྱོགས་ལྟར། རང་རྒྱལ་གྱི་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་རྩེ་རིམ་ཇུས་འགོད་དང་ཐབས་ལམ་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ཡོད།
“མི་ཐབས་རིག་ནུས”དེ“ལོ་ལྔའི་འཆར་འགོད”ཀྱི《རྩ་གནད》གསུམ་གྱི་ནང་བསྟུད་མར་བྲིས་པ་དང་། “ཤར་གྲངས་ནུབ་རྩིས”བཟོ་སྐྲུན་གྱི་རྩིས་ཤུགས་ཐོན་ཁུངས་ས་ཁོངས་ལས་བརྒལ་ནས་ལེགས་སྒྲིག་བྱ་རྒྱུ་མངོན་འགྱུར་བྱུང་བ་དང་། རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ཤུགས་དྲ་བ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་མི་ཐབས་རིག་ནུས་ཀྱི་ལག་རྩལ་རིམ་འཇུག་ལ་སྲ་ཞིང་བརྟན་པའི་རྩིས་ཤུགས་ཀྱི“གཞི་གདན་མཁྲེགས་པོ”མཁོ་འདོན་བྱས། འཛམ་གླིང་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་དང་ལག་རྩལ་སྔོན་ཐོན་གྱི་གློག་ཤུགས་མཁོ་སྤྲོད་མ་ལག་གིས་མི་ཐབས་རིག་ནུས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་བྱས། འཛམ་གླིང་ཧྲིལ་པོའི་རྣམ་གྲངས་ཆ་ཚང་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཐོན་ལས་མ་ལག་དང་གཞི་ཁྱོན་ཆེས་ཆེ་བའི་ཚོང་རར་བརྟེན་ནས།“མི་ཐབས་རིག་ནུས”དང་འགུལ་སྤྱོད། རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་ཐོན་ལས་དངུལ་གཏོང་ཐེབས་རྩ་འཛུགས་པ། ཡུལ་རྣམ་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་བཅས་ལག་བསྟར་གཏིང་ཟབ་བྱས་ནས། ལག་རྩལ་གསར་གཏོད་ནས་ཐོན་ལས་གསར་གཏོད་བར་གྱི་མི་ཐབས་རིག་ནུས་ཁོར་ཡུག་ཆ་ཚང་བསྐྲུན།
པེ་ཅིང་ཡུའེ་ཀྲི་ཨན་མེན་ཚན་རྩལ་ཚད་ཡོད་ཀུང་སིའི་སྲོལ་གཏོད་མཁན། དབུ་བཞུགས་ལག་བསྟར་དཔོན་དབྱང་ཀྲི་ལིན་གྱིས་བཤད་རྒྱུར། རྒྱལ་ཁབ་ཀྱི་ངོས་ནས་ཐོན་ཁུངས་དང་ཐོན་ལས། ཤེས་ལྡན་མི་སྣ་སོགས་ཀྱི་ཐད་རྒྱབ་སྐྱོར་གང་མང་གནང་སྟེ་ང་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་གསར་གཏོད་བྱེད་ཐུབ། མིག་སྔར་ང་ཚོའི་དཔེ་དབྱིབས་ཀྱི་རིམ་འཇུག་འཁོར་ཡུན་ནི་སྔོན་ཆད་ཀྱི་ལོ་ཕྱེད་ནས། ད་ལྟའི་ཟླ་བ་གཉིས་གསུམ་བར་མཐོར་འདེགས་བཏང་ཡོད། རབས་གསར་པའི་དཔེ་དབྱིབས་ཀྱང་མགྱོགས་མྱུར་སྒོས་ཞིབ་འཇུག་གསར་སྤེལ་བྱེད་བཞིན་ཡོད།
ད་ལྟ་མི་ཐབས་རིག་ནུས་ཀྱི་མཉམ་འདྲེས་བེད་སྤྱོད་དེ“ཐར་ཐོར་གྱི་རྣམ་པ”ནས“མུ་ཕྲེང་ཡོངས་ཀྱི་རིག་ནུས”ལ་ཐོད་བརྒལ་བྱུང་ཏེ། ལས་རིགས་གང་མང་ལ་མགྱོགས་མྱུར་སྒོས་སྒུལ་ནུས་བསྩལ་ཡོད།
ངར་ལྕགས་བཙོ་སྦྱང་དང་རིག་ནུས་ཐོན་སྐྱེད། AIསྤུས་བཤེར། མི་ཐབས་རིག་ནུས་ལག་རྩལ་སོགས་ཕྱོགས་ཡོངས་ནས་བཟོ་སྐྲུན་ལས་རིགས་ཀྱི་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་ཀྱི་ལྟེ་བའི་རིམ་པར་འདྲེས་པར་བྱས་ནས། ཐོན་སྐྱེད་བྱེད་སྟངས་ལ་འགྱུར་བ་གཏིང་ཟབ་གཏོང་བཞིན་ཡོད། མི་ཐབས་རིག་ནུས་དེ་སྣེ་ཁྲིད་རིམ་པའི་རིག་ནུས་བཟོ་གྲྭའི70%ཡན་གྱི་ལས་སྒོའི་ཡུལ་རྣམ་དང་འདྲེས་ཡོད།
མིག་སྔར་ཧེ་ལུང་ཅང་སོགས་སུ་དབྱར་དུས་ཞིང་ཁའི་དོ་དམ་གྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། མི་ཐབས་རིག་ནུས་ཀྱི་དཔེ་དུམ་ནང་འཇུག་བྱས་ཡོད་པའི་རྩི་ཤིང་སྲུང་སྐྱོང་གི་སྒྲིག་ཆས་ཀྱིས་ལོ་ཏོག་གི་སྐྱེས་ཚད་ལ་གནད་སྨིན་ཤེས་ཚོར་བྱུང་ཐུབ་ཅིང་། རིག་ལྡན་ཞིང་ལས་སྟེགས་བུས་རང་འགུལ་ངང་ལུད་འཇོག་པའི་ཇུས་གཞི་བཟོ་ཐུབ། སོན་འདེབས་ནས་ལོ་ལེགས་བསྡུ་བའི་བར་མི་ཐབས་རིག་ནུས་ཀྱིས་དུས་རིམ་ཧྲིལ་བོར་དུས་བཞིའི་ཞིང་ས་ལ་སྲུང་སྐྱོང་བྱེད་ཀྱིན་ཡོད།
མིག་སྔར་རང་རྒྱལ་གྱིས་ལས་རིགས་ཁྱབ་ཁོངས་བཅུ་ལྷག་ཏུ་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་བཀོལ་སྤྱོད་ཚོད་ལྟའི་རྟེན་གཞི་ཁག་ཅིག་བཀོད་སྒྲིག་བྱས་པ་དང་། ཀྲུང་དབྱང་ཁེ་ལས་ཀྱིས་མི་ཐབས་རིག་ནུས་ཀྱི་བཀོལ་སྤྱོད་ཡུལ་རྣམ་ཆིག་སྟོང་ལྷག་སྒོ་འབྱེད་པར་སྐུལ་འདེད་བཏང་ནས། ཐོན་ལས་རིག་ནུས་ཅན་གྱི་གསར་གཏོད་ཇེ་མགྱོགས་སུ་འགྲོ་བར་རོགས་འདེགས་བྱས།
“ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”དུས་སྐབས་སུ། རང་རྒྱལ་གྱིས་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་ལག་རྩལ་གསར་གཏོད་བྱ་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་། “མི་ཐབས་རིག་ནུས”རྒྱ་སྐྱེད་གཏིང་ཟབ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། བཅོས་སྐྱོང་ནུས་བ་བཅས་ཆེ་རུ་གཏོང་བར་སྒུལ་ནུས་སྩོལ་རྒྱུ་ཡིན་ལ། “ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”དུས་མཇུག་ཏུ་སླེབས་སྐབས། མི་ཐབས་རིག་ནུས་ཀྱི་འབྲེལ་ཡོད་ཐོན་ལས་གཞི་ཁྱོན་སྔོན་དཔག་བྱས་ན་སྒོར་རབ་བཀྲམ་གཅིག་ཡན་དུ་འཕར་ཐུབ་པས། ཀྲུང་གོའི་དཔལ་འབྱོར་གྱི་འཕར་སྣོན་བར་སྟོང་གསར་འབྱེད་ལ་རོགས་འདེགས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་ངེས། །