ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་ཀྲུང་དབྱང་རིམ་པའི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་དོན་ལམ་སྲོལ་གཞུང་དོན་ཁང་གིས་ཀྲུང་དབྱང་སྒྲིག་ཨུ་གཞུང་ལས་ཐིན་དང་མཉམ་དུ་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་དཔེ་མཚོན་གནད་དོན3བརྡ་ཁྱབ་བཏང་བ་རེད། བྱེ་བྲག་གི་གཤམ་གསལ་ལྟར།
1.ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་དང་ནན་ཕིང་གྲོང་ཁྱེར་གྱིས་བསྡོམས་རྩིས་རྫུན་བཟོ་ཡོ་བསྲང་ནུས་ལྡན་མ་བྱས་པ་དང་། རྫོང་དང་གྲོང་ཁྱེར་དང་ཆུས་ཁག་གཅིག་གི་གྲངས་གཞི་རྫུན་བཟོ་བྱེད་པའི་གནད་དོན་སྔར་བཞིན་མངོན་གསལ་ཡིན་པ།
2.《ཀྲུང་གོའི་ཀྲུང་ལུགས་གསོ་རིག་སྨན་རྫས་ཚགས་པར》ཁང་ཚད་ཡོད་ཀུང་སིས་འཕྲལ་ཕན་བརྩོན་ལེན་བྱེད་པ་དང་། རྨོངས་ཚོད་ཀྱིས“རིག་ནུས་སྨྱན་སྦྱོར”མ་ལག་འཛུགས་སྐྲུན་བྱས་པ། བདེ་ཐང་ཕྱོགས་བསྡུས་སྒྱུ་རྩལ་ལེ་ཚན་ཕབ་སྐྲུན་བྱས་པས། གཞུང་ཁོངས་རྒྱུ་ནོར་ལ་གྱོང་གུན་བཟོས་པ།
3.ཀྲུང་གོའི་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འགལ་ངང་ས་གནས་སྲིད་གཞུང་དང་མཉམ་འབྲེལ་ཐོག་ལོ་ཚོགས་གླེང་སྟེགས་འཚོགས་པ་དང་། སྒྲིག་འགལ་ངང་གྲོན་དངུལ་ཐེངས་མང་བསྡུས་པ།
གོང་གསལ་གནད་དོན་ཁྲོད། ས་གནས་ཁ་ཤས་ཀྱིས་བསྡོམས་རྩིས་རྫུན་བཟོ་ཡོ་བསྲང་ནུས་ལྡན་མ་བྱས་པ་དང་། རྒྱུགས་ཁོ་ན་ལེན་པ་ལས་ཞིབ་བཤེར་མི་བྱེད་པ། ཆད་གཅོད་མི་བྱེད་པར་བྱ་དགའ་སྤྲོད་པ་སོགས་ཐོན་ནས། རྫུན་བཟོ་གནད་དོན་ཡོ་བསྲང་བྱེད་ཞོར་ཡང་དང་བསྐྱར་དུ་ཐོན་བཞིན་ཡོད། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ལ་ལའི་སྲིད་འབྲས་ལྟ་བར་ནོར་འཛོལ་ཡོད་པ་དང་། དོན་དངོས་ལ་མི་བལྟ་པར“གྲངས་འཛིན་གསར་གཏོད”དང“ལས་སྒོ་ཚུལ་བསྒྱུར”དོན་གཉེར་བྱས་པས། མ་དངུལ་ཐོན་ཁུངས་ཆུད་ཟོས་སུ་བཏང་། སྤྱི་ཚོགས་རྩ་འཛུགས་ཁ་ཤས་ཀྱིས་ཞབས་ཞུའི་དམིགས་ཡུལ་དང་བྲལ་ནས་དུས་ཆེན་རྟེན་འབྲེལ་དང་འགྲེམས་ཚོགས་གླེང་སྟེགས་གཉེར་བ་དེ“ནོར་མཛོད”དང“དངུལ་སྡོང”ཞིག་ཏུ་བརྩིས་ནས། ས་གནས་དང་ཁེ་ལས་ཀྱི་ཁུར་པོ་ལྕི་རུ་བཏང་བ་དང་། ས་གནས་དང་གཞུང་ཁོངས་ཁེ་ལས། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་ཏང་རྩ་འཛུགས་ཁ་ཤས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་གཙོ་གཞིའི་འགན་འཁྲི་ད་དུང་གནད་ལ་འཁེལ་མེད་པ་དང་། ཕྱི་ཚུལ་རིང་ལུགས་དག་ཐེར་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་འབྲེལ་ཡོད་བླང་བྱ་ལག་བསྟར་དང“ཡོ་བསྲང་བཅོས་སྐྱོང་དྲུག”གཟབ་ནན་མིན་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད།
ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། བསམ་བློའི་ངོས་འཛིན་རྒྱུན་མཐུད་ངང་ཤུགས་ཆེར་གཏོང་བ། གཙོ་གཞིའི་འགན་འཁྲི་བརྟན་པོ་འཁུར་བ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་མཐའ་གཅིག་ཏུ་ལེགས་པོར་རྒྱག་པ། བཅོས་སྒྲིག་གི་ཕན་འབྲས་ལ་བརྟེན་ནས་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་རང་ཉིད་ལ་གནས་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ལ་ཞིབ་ལྟ་བྱེད་པ་དང་། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་དེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཐབས་ཇུས་དང་བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་པ། ཁོངས་གཏོགས་ཁྱབ་ཁོངས་དང་། ཁོངས་གཏོགས་ཁེ་ལས་དང་བྱ་ལས་སྡེ་ཚན། སྤྱི་ཚོགས་རྩ་འཛུགས་སོགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་པ་ཁག་གིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་དོན་ལམ་སྲོལ་དེ་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ་དང་འབུར་ཐོན་གྱི་གནད་དོན་ལ་དོ་སྣང་ཆེན་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཉམ་བཤེར་མཉམ་བཅོས་མཐའ་འཁྱོངས་བྱེད་པ། དཔེ་མཚོན་གནད་དོན་བརྡ་ཁྱབ་དང་དག་ཐེར་ཡོ་བསྲང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། གཞི་རིམ་གྱི་ཁུར་པོ་མུ་མཐུད་དུ་ཡང་དུ་བཏང་ནས་གཞི་རིམ་ལས་བྱེད་པར་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་དུས་ཚོད་དང་ནུས་པ་མང་པོ་ཡོད་པར་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། །