སྡེ་ཚན་གཉིས་ཀྱིས《སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད》པར་འགྲེམས་བྱས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས15ཉིན་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། སྐྱེ་ཁམས་ཁོར་ཡུག་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱིས་ཉེ་ཆར《སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད》པར་འགྲེམས་བྱས་ནས། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རིང་གི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་དོན་གྱི་སྤྱིའི་བླང་བྱ་དང་། དམིགས་ཚད་དམིགས་ཚད། གཙོ་གནད་ལས་འགན། གལ་ཆེའི་བཟོ་སྐྲུན་བཅས་གསལ་བོར་བཟོས་ཡོད།

སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞི་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། འཆར་འགོད་ནང་ཚད་གཞི་དེ་བས་མཐོ་བའི་ཐོག་ནས་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞིའི“དྲང་བདེན་དང་། ཡང་དག ཆ་ཚང་། མགྱོགས་པ། གསར་པ”བཅས་ལ་འགན་ལེན་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལྟ་ཞིབ་ཚད་ལེན་གྱི་རྨང་གཞི་སྲ་བརྟན་དུ་བཏང་ཡོད།

འཆར་འགོད་ནང་། 2030ལོར་བསླེབས་སྐབས་དེང་རབས་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྱོང་ལ་གྲུབ་འབྲས་གལ་ཆེན་ཐོབ་རྒྱུ་ཡིན། མཁའ་དབྱིངས་དང་། ས་གཞི། རྒྱ་མཚོ་བཅས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་གཞི་རྩའི་ཆ་ནས་བསྐྲུན་ཐུབ་པ་དང་། རྒྱལ་ཁབ་ཀྱི་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་ཅན་གྱི་འཁོར་སྐྱོད་དང་གྲངས་རིག་ཅན་གྱི་རིམ་སྤོར་མངོན་འགྱུར་བྱུང་ནས། ཀྲུང་དབྱང་དང་ས་གནས་ཀྱི་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མཐུན་སྦྱོར་བཀོད་སྒྲིག་དང་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་རེད། སྦགས་བཙོག་དངོས་པོ་གསར་པ་དང་། ལྕི་བའི་ལྕགས་རིགས། སྐྱེ་ཁམས་གནད་དོན་སོགས་ཉེན་ཁའི་ཉེན་བརྡའི་ལྟ་ཞིབ་ཚད་ལེན་བྱེད་ནུས་གཞི་རྩའི་ཆ་ནས་ཆགས་པར་བྱ་རྒྱུ་རེད། རང་འགུལ་ལྟ་ཞིབ་ཚད་ལེན་གྱི་བརྟོལ་འཛུལ་རྣམ་པའི་ལྟ་སྐུལ་དོ་དམ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། གྲངས་གཞིའི་སྤུས་ཚད་རྒྱུན་མཐུད་ངང་མཐོར་འདེགས་སུ་འགྲོ་རྒྱུ་རེད། ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་ཀྱི་འགག་རྩའི་ལག་རྩལ་འགག་སྒྲོལ་ལ་ཚད་བརྒལ་བྱུང་བ་དང་གཙོ་རྒྱུན་ལྟ་ཞིབ་ཚད་ལེན་སྒྲིག་ཆས་གཞི་རྩའི་ཆ་ནས་རང་བརྟེན་ཚོད་འཛིན་ཐུབ་པ་བྱུང་ཐུབ། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་རྨང་གཞིའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། ས་ཁུལ་ཁ་ཤས་སུ་དེང་རབས་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་ལེགས་འགྲུབ་བྱ་རྒྱུ་རེད། 2035ལོར་རྒྱང་ལྟ་བྱེད་སྐབས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་འཕེལ་རིམ་དང་འཚམ་པའི་དེང་རབས་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་གཞི་རྩའི་ཆ་ནས་བསྐྲུན་པ་དང་། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ཕྱོགས་བསྡུས་སྟོབས་ཤུགས་དེ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་བསླེབས་པར་བྱ་རྒྱུ་ཡིན་པ་གསལ་བོར་བསྟན་ཡོད།

འཆར་འགོད་ཀྱིས་མཁའ་དབྱིངས་དང་། ས་གཞི། རྒྱ་མཚོ་བཅས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་དྲ་རྒྱ་འཐུས་ཚང་དུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་ལས་སྒོའི་འདེགས་སྐྱོར་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་བརྟོལ་འཛུལ་རྣམ་པའི་སྤུས་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་པ། ལྟ་ཞིབ་ཚད་ལེན་ལག་རྩལ་དང་སྒྲིག་ཆས་གྲངས་རིག་ཅན་གྱི་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ། ཁྲིམས་ལྟར་ལྟ་ཞིབ་ཚད་ལེན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་སོགས་ཕྱོགས་ལྔའི་གཙོ་གནད་ལས་འགན་འཆར་འགོད་བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱའི་འཁོར་སྐྱོད་དོ་དམ་ནུས་པ་འཛུགས་སྐྱོང་དང་། སྦགས་བཙོག་དངོས་པོ་གསར་པའི་མཐུན་སྦྱོར་ལྟ་ཞིབ་ཚད་ལེན་ནུས་པ་འཛུགས་སྐྲུན། སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་ནུས་པ་འཛུགས་སྐྲུན། རྒྱལ་ཁབ་དྲོད་ཁང་རླངས་གཟུགས་ལྟ་ཞིབ་ཚད་ལེན་ནུས་པ་འཛུགས་སྐྲུན། རང་འགུལ་ལྟ་ཞིབ་ཚད་ལེན་གྱི་ལྟ་སྐུལ་དོ་དམ་ནུས་པ་འཛུགས་སྐྲུན། རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བའི་རིག་ནུས་ཅན་གྱི་རིམ་སྤར་སོགས་གལ་ཆེའི་བཟོ་སྐྲུན6བཏོན་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།