
“ད་ལོར་ང་ཚོས་སྲུང་སྐྱོང་ནན་མོའི་ཆ་རྐྱེན་འོག སྐྱེ་ཁམས་སྲུང་སྐྱོང་གི་སྤྱིར་བཏང་ཚོད་འཛིན་ཁུལ་དུ་གཉན་པོ་གཡུ་རྩེ‘5369’ཡི་སྐྱེ་ཁམས་ཡུལ་སྐོར་ལམ་ཆེན་གྱི་སྤུས་ལེགས་ཡུལ་སྐོར་ལམ་ཐིག་འདོན་རྒྱུ་ཡིན་པ་དང་། གཉན་པོ་གཡུ་རྩེའི་རི་རྒྱུད་ལ་རྒྱང་ལྟ་བྱེད་པའི་ཆེས་བཟང་བའི་ལྗོངས་གཟིགས་ས་ཚིགས་ཀྱི་སྒོ་ཕྱེས་ཤིང་། ཆ་རྐྱེན་ཚང་རྗེས་ཁྲིམས་སྲོལ་ལྟར་རིམ་བཞིན་ལྗོངས་ཁུལ་གྱི་སྒོ་ཕྱེ་རྒྱུ་ཡིན”ཞེས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་སྒྲོལ་མ་དོན་འགྲུབ་ཀྱིས་ཚེས14ཉིན་དེ་ལྟར་ཁྱབ་སྒྲོག་བྱས།
ཉིན་དེར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས“‘ལོ་ལྔའི་འཆར་འགོད་བཅོ་ལྔ་པ’མགོ་རྩོམ་པའི”བརྗོད་དོན་ཕྲེང་བསྟར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་མགོ་ལོག་ཁུལ་གྱི་ཚོགས་ར་རུ་བསྡུས།
གཉན་པོ་གཡུ་རྩེ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དུ་ཡོད་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་ཆུ་ཁུངས་གསོ་སྐྱོང་ཁུལ་གཙོ་བོ་ཡིན་པས། མཐོ་སྒང་བརླན་ས་དང་འཁྱགས་རོམ་སྤང་ཐང་སོགས་སྐྱེ་ཁམས་མ་ལག་ཧ་ཅང་ཞན། 2018ལོར།“ཀྲུང་ཧྭའི་ཆུ་ལྕོག”གི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཆེད། གཉན་པོ་གཡུ་རྩེ་རུ་ཡུལ་སྐོར་པ་སྣེ་ལེན་བྱེད་པ་ཁྱོན་ཡོངས་ནས་གནས་སྐབས་སུ་མཚམས་བཞག་པ་དང་། བགྲོད་ལམ་དང་སྒར་ས་སོགས་མིའི་བཟོས་སྒྲིག་ཆས་གཏོར་ནས། རྩྭ་ས་དང་མཚེའུ་ལ་མ་ལག་ཚང་བའི་སྒོ་ནས་སླར་གསོ་བྱས།
སྒྲོལ་མ་དོན་འགྲུབ་ཀྱིས་མཚམས་སྦྱོར་བྱེད་རྒྱུར། ལོ་མང་པོར་སྲུང་སྐྱོང་བྱས་པ་བརྒྱུད། གསའ་དང་གནའ་སོགས་རི་དྭགས་རྩ་ཆེན་གྱི་ཁྱུ་ཚོགས་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད། །