ཟླ7པའི་ཚེས13ནས14བའི་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་བཟོ་ཏང་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་དབྱང་ཀྲིན་གྱིས་རྟོག་ཞིབ་ཚན་ཆུང་ཁྲིད་ནས་མཚོ་སྔོན་དུ་ཡོང་སྟེ། ནུབ་བརྒྱུད་གསར་སྤེལ་ཆེན་མོར་རྣམ་པ་གསར་བ་གྲུབ་པར་སྐུལ་འདེད་གཏོང་བར་དམིགས་ཏེ་ཆེད་དོན་རྟོག་ཞིབ་སྤེལ།
རྟོག་ཞིབ་ཚན་ཆུང་འཁོར་དང་བཅས་པ་ཟི་ལིང་གྲོང་ཁྱེར་མཚོ་སྔོན་དུས་རབས་ནུས་ཁུངས་གསར་བའི་ཚན་རྩལ་ཚད་ཡོད་ཀུང་ཟི་དང་། ཀྲུང་གོ་སྦྲེལ་འཕྲིན་གཙང་གསུམ་འབྱུང་ཡུལ་ལྗང་གློག་རིག་རྩིས་མཉམ་འདྲེས་དཔེ་སྟོན་གླིང་། མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟི། ཟི་ལིང་གྲོང་ཁྱེར་ཕྱོགས་བསྡུས་ཁྲལ་སྲུང་ས་ཁུལ། མཚོ་སྔོན་ཞིང་ཆེན་འཇུ་ལག་གཙང་པོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་ཆུའི་ཐོན་ཁུངས་སྙོམ་སྒྲིག་ཞབས་ཞུ་ལྟེ་གནས། མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ཤུགས་སྙོམ་སྒྲིག་ལྟེ་གནས། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་སོགས་སུ་ཟབ་ཞུགས་བྱས་ནས་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། ལས་བྱེད་པ་དང་ལས་བཟོ་བ། ཁེ་ལས་ཀྱི་འགན་ཁུར་མི་སྣར་ངོ་འཕྲད་ནས་བསམ་ཚུལ་བརྗེ་རེས་བྱས་ཤིང་། མཚོ་སྔོན་གྱིས་སྐྱེ་ཁམས་སྔོན་སྐྱོད་མཐའ་འཁྱོངས་དང་། ལྗང་མདོག་འཕེལ་རྒྱས་ཁྲོད་ཀྱི་ལག་ལེན་ཕན་འབྲས། གནས་པའི་ཞན་ཆ་དང་འཕེལ་རྒྱས་ཀྱི་རེ་འདུན་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། མཚོ་སྔོན་ནི་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བདེ་འཇགས་སྲུང་རགས་དང་། ཐབས་ཇུས་ཐོན་ཁུངས་སྦྲེལ་མཐུད་ས་ཆ། ཞིན་ཅང་གཏན་ཆགས་དང་བོད་ལྗོངས་སྲ་བརྟན་གྱི་གནད་འགག་མཚམས་ཚིགས་ཡིན་པས། ནུབ་བརྒྱུད་གསར་སྤེལ་ཆེན་མོའི་གཞི་ཁྱོན་ཁྲོད་གོ་གནས་དམིགས་བསལ་དང་། འགན་འཁྲི་ཧ་ཅང་ལྕི་བ་རེད། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་ཐོན་ཁུངས་ནུས་སྤྲོད་ལ་རྐང་ཚུགས་ཤིང་། སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་བཞིན་ཡོད་པས། སྐྱེ་ཁམས་སྲུང་སྐྱོབ་དང་། ཐོན་ལས་སྤོ་སྒྱུར། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་བཅོས་བཅས་ལ་སྤྱི་འདོམས་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་བཏོད་ཡོད་ཅིང་། ནུབ་བརྒྱུད་ས་ཁོངས་སྙོམ་སྒྲིག་འཕེལ་རྒྱས་འབྱུང་བར་ཕན་ཆེའི་ལག་ལེན་འདོན་སྤྲོད་བྱས་པ་རེད། རེ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་པ་གཏིང་ཟབ་མོར་ལག་བསྟར་དོན་འཁྱོལ་བྱས་ནས། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་གསར་བའི་འདུ་ཤེས་དོན་འཁྱོལ་བྱེད་པ། ཏན་ཏིག་སྒོས་སྲུང་སྐྱོབ་ཆེན་པོ་དང་སྒོ་འབྱེད་ཆེན་མོ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་སྲོག་ཤིང་ཁ་ཕྱོགས་སྲུང་འཛིན་བྱས་ནས། སྐྱེ་ཁམས་སྲུང་ཐིག་གི་མ་ཐིག་བརྟན་སྲུང་བྱས་ཏེ། ས་བབ་དང་བསྟུན་ནས་སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་གསོ་སྤེལ་བྱེད་པ་དང་། རྩིས་གློག་མཐུན་སྦྱོར་ནུས་སྤྲོད་ཀྱི་ལྗང་མདོག་འཕེལ་རྒྱས་ལ་བརྟེན་ནས། དག་གཙང་ནུས་ཁུངས་དང་། ཚྭ་མཚེའུ་ཐོན་ཁུངས། ཁྱད་ལྡན་ཞིང་ཕྱུགས། སྐྱེ་ཁམས་ཡུལ་སྐོར་སོགས་དགེ་མཚན་ལྡན་པའི་ཐོན་ལས་ཇེ་བཟང་དུ་གཏོང་དགོས། མགྱོགས་མྱུར་སྒོས་ནང་ཁུལ་དུ་རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོར་འདྲེས་སུ་འཇུག་ཅིང་། ཕྱི་ཕྱོགས་སུ་ཆུ་ཚད་མཐོན་པོའི་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་རྒྱུན་མི་ཆད་པར་རྒྱ་སྐྱེད་བཏང་ནས། སྟོབས་ཤུགས་ཡོད་ཚད་ཀྱིས་ནང་མཁོའི་སྒུལ་ནུས་དང་། རྨང་གཞིའི་སྒྲིག་བཀོད། འཇོན་མི་གསར་སྐྲུན། སྤྱི་བའི་ཞབས་ཞུ་ཕྱོགས་སོགས་ཀྱི་ཞན་ཆ་འཐུས་ཚང་དུ་བཏང་སྟེ། སྤུས་ཚད་མཐོན་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོ་བ་དང་། ཀྲུང་ཧྭ་མི་རིགས་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་འཛིན་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྤྱི་འདོམས་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་དགོས།
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཀྲུའུ་ཞི་གཞོན་པ་ཁོང་ཡུང་། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་རྟོག་ཞིབ་ལ་ཞུགས།