ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་ཚོགས་སྐབས27པ་གཟབ་རྒྱས་ངང་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས15ཉིན། ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་ཚོགས་སྐབས27པ་ཟི་ལིང་དུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་བཟོ་ཏང་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་དབྱང་ཀྲེན་གྱིས་ཤིས་ཚིག་ཕུལ་བར་མ་ཟད་འགོ་བརྩམས་པ་ཁྱབ་བསྒྲགས་གནང་།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་དགའ་བསུའི་ཞུ་ཚིག་ཕུལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་འགོ་རྩོམ་མཛད་སྒོར་ཞུགས། འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཝང་པིན་དབྱིན་གྱིས་རྟེན་འབྲེལ་འཕྲིན་ཡིག་བསྐུར། ཀྲུང་གོར་སྡོད་པའི་ཀྲི་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ཨ་ཧྥང་སུའོ·ཞིའར་ཝ·ན་ཝ་ལུའོ་དང་། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་ཀྲུང་གོར་སྡོད་པའི་མཐོ་རིམ་བློ་འདྲི་འདོན་པ་ཧའེ་པོ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཕང་ཞའོ་ཀང་། ཧྥུའུ་ཅན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཅིན་ཧྥུའུ། ཧྲན་ཏུང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞིན་ཝུན་བཅས་ཀྱིས་ཤིས་ཚིག་ཕུལ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ལི་ཅིང་ཧུང་གིས་གཙོ་དོན་གཏམ་བཤད་བྱས། ཀྲུང་གོ་གཏེར་ལྔ་སྡེ་ཚོགས་ཚད་ཡོད་ཀུང་སིའི་རྐང་གཉེར་དབུ་གཙོ་ཁྲེན་ཏི་ཞིན་དང་། ཀྲེ་ཅང་ཁི་ཧྲེང་ལག་རྩལ་མ་རྐང་ཚད་ཡོད་ཀུང་སིའི་རྐང་གཉེར་དབུ་གཙོ་ཅིན་ཅན་ཞང་གིས་གཏམ་བཤད།

དབྱང་ཀྲེན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་གནང་ནས། “མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དེ་སྐྱེ་ཁམས་ཡིན་པ་དང་འགན་འཁྲི་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་ལ། སྦས་ཤུགས་ཆེ་ཤོས་དེའང་སྐྱེ་ཁམས་ཡིན”ཞེས་དང་། “མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན”ཞེས་གསུངས་ལ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་པ་ནན་གྱིས་བསྟན་ཡོད།

དབྱང་ཀྲེན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ངང“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོང་མཁན་ཡག་པོ་བྱས་ཏེ། མཚོ་སྔོན་ཚོང་ཚོགས་ཀྱི་ལས་སྟེགས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་འགན་འཁྲི་འཁུར་ཕོད་པ་དང་མདུན་སྐྱོད་སྦྱོང་བརྡར་བྱས་ཏེ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཐབས་ལམ་གསར་པ་འཚོལ་ཞིབ་དང་ཉམས་མྱོང་གསར་པ་གསོག་འཇོག་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམ་པ་ཕེབས་པར་དགའ་བསུ་ཞུས། ཁོས “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པ་ནས་རྐང་བཙུགས་ཏེ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་ཧུར་ཐག་གིས་ཞུགས་པ་དང་ཞབས་འདེགས་ཞུས་ནས། དེང་རབས་ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་དང་ཚན་རྩལ་གསར་གཏོད་ཀྱི་འབྱུང་ཁུངས་ནུས་པ། ཤེས་ཡོན་འགྱུར་བའི་འཐེན་ཤུགས་བཅས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། ལྷག་བསམ་རྣམ་དག་གིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་མཚོ་སྔོན་དུ་གདན་འདྲེན་ཞུ་བ་དང་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ། མཚོ་སྔོན་ལ་མ་དངུལ་གཏོང་བ་བཅས་བྱས་ཏེ། མཉམ་དུ་མཚོ་སྔོན་འཛུགས་སྐྲུན་ནང་ཞུགས་པ་དང་། དངོས་གཉེར་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་སྤེལ་ནས། ཆུ་ཚད་སྔར་ལས་མཐོ་བའི་མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་ཡོང་བར་འབད་བརྩོན་བྱ་དགོས་ཞེས་བསྟན།

ཀྲུང་གོར་སྡོད་པའི་གཞུང་ཚབ་དང་ཕྱི་རྒྱལ་གྱི་སྐུ་མགྲོན། རྒྱལ་སྤྱིའི་རྩ་འཛུགས་ཀྱི་སྐུ་མགྲོན། ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་སྐུ་མགྲོན། རྒྱལ་ཁབ་པུའུ་ཨུ་དང་སྤུན་ཟླའི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་འགོ་ཁྲིད། ཡོན་ཧྲི་དང་ཆེད་མཁས་པ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པའི་འཐུས་མི། མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བཅས་འགོ་རྩོམ་མཛད་སྒོར་ཞུགས། ཉིན་དེར། འབྲེལ་ཡོད་འགོ་ཁྲིད་དང་སྐུ་མགྲོན་གྱིས་མཚོ་སྔོན་ཚོང་ཚོགས་ཀྱི་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱས།

སྐབས་འདིའི་མཚོ་སྔོན་ཚོང་ཚོགས་ཀྱིས“སྒོ་འབྱེད་མཉམ་ལས·ལྗང་མདོག་འཕེལ་རྒྱས”ཀྱི་བརྗོད་དོན་གཙོ་བོ་རྒྱུན་འཛིན་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་བརྩམས་པར་རྐང་བཙུགས་ཏེ། རིགས་ཆེ་གྲས3གྱི་ཁྱད་ལྡན་བྱེད་སྒོ་ཐེངས17བཀོད་སྒྲིག་བྱས་པ་དང་། ལྗང་མདོག་འཕེལ་རྒྱས་དང་མཉམ་ལས་བརྗེ་རེས། ས་ཁུལ་འཕེལ་རྒྱས་བཅས་ཀྱི་འགྲེམས་ཁང་ཆེ་གྲས3བཙུགས་པ་དང་། ཧྥུ་ཅན་དང་ཧྲན་ཏུང་ཞིང་ཆེན་གཉིས་ཀྱི་སྐུ་མགྲོན་གཙོ་བོའི་ཞིང་ཆེན་ཐོག་མར་བཙུགས་ལ། ཀྲི་ལི་སྐབས་འདིའི་མགྲོན་པོ་གཙོ་བོའི་རྒྱལ་ཁབ་ཏུ་གདན་འདྲེན་ཞུས་པ་དང་། ཀྲི་ལི་དང་ཧ་སག་སི་ཐན་སོགས་རྒྱལ་ཁབ་གཉིས་དང་ཞིང་ཆེན་མང་པོ་སྐབས་འདིའི་མཚོ་སྔོན་ཚོང་ཚོགས་ལ་ཞུགས་པ་མ་ཟད་འགྲེམས་ཁང་ཡང་བཙུགས་པ་དང་། ཚོགས་འདུའི་སྐབས་སུ་ད་དུང་རྣམ་གྲངས་གལ་ཆེན་གྱི་གན་རྒྱ་འཇོག་པ་དང་། འཛམ་གླིང་ཚྭ་མཚེའུ་ཐོན་ལས་མཉམ་ལས་ཚོགས་ཆེན། ཤེས་ལྡན་མི་སྣའི་རྣམ་གྲངས་ཕན་ཚུན་སྦྲེལ་མཐུད་ཚོགས་འདུ། ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་ཚོགས་འདུ་སོགས་ཆེད་དོན་བྱེད་སྒོ་སྤེལ་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།