སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་ཆེད། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་བརྙན་རིས་གྲོས་ཚོགས་ཀྱི་བཀོད་སྒྲིག་གཞིར་བཟུང་སྟེ། ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཚན་ཆུང་ཉེར་བཞི་བས་ཟླ7པའི་ཚེས13ཉིན་ནས་ཟླ7པའི་ཚེས27ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་དུས་ཚིགས་གཉིས་པ་དང་གསུམ་པའི་བདེ་འཇགས་ཐོན་སྐྱེད་ལ་མངོན་བཤེར་ལྐོག་བཅར་བྱེད་རྒྱུ་རེད། ཟླ7པའི་ཚེས14ཉིན། དཔྱད་ཞིབ་སྐོར་ཞིབ་ཚན་ཆུང་བཅའ་སྡོད་ངོ་འཕྲད་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་བསྡུས། དཔྱད་ཞིབ་སྐོར་ཞིབ་ཚན་ཆུང་གི་ཚན་གཙོ་མཱ་ལུའུ་ཡིས་མངོན་བཤེར་ལྐོག་བཅར་གྱི་བཀོད་སྒྲིག་རེ་བ་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་གིས་གཏམ་བཤད་སྤེལ།
མཱ་ལུའུ་ཡིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བདེ་འཇགས་ཐོན་སྐྱེད་བྱ་བར་མཐོང་ཆེན་བྱེད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་བོར་མཛུབ་སྟོན་གལ་ཆེན་གནང་། ཟོལ་མེད་ཀྱིས་བསམ་བློ་དང་འགུལ་སྐྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ཞིང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། མིག་སྔའི་བདེ་འཇགས་ཐོན་སྐྱེད་ཀྱི་ཛ་དྲག་གནས་བབ་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། ཆེ་ཕྱོགས་ཀྱི་མཐོ་ཚད་ནས་སྔར་ལས་ལྷག་པའི་སྒོ་ནས་བདེ་འཇགས་ཐོན་སྐྱེད་བྱ་བའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ཇེ་དྲག་ཏུ་བཏང་སྟེ། ཟོལ་མེད་ཀྱིས་དོན་རྐྱེནཚབས་ཆེན་འབྱུང་བར་སྔོན་འགོག་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་ཁག་ཁུར་འདུ་ཤེས། བྲེལ་དཀའི་འདུ་ཤེས་བཅས་ལ་ཤུགས་སྣོན་བྱས་ཐོག་བདེ་འཇགས་ཉེན་ཁ་ཆེན་པོ་འབྱུང་བར་དོགས་ཟོན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་དུ་ལེན་དགོས། ཏང་ཨུ་དང་སྲིད་གཞུང་གིས་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་དང་དེ་འཇགས་ལ་གཅིག་འདོམས་བྱེད་དགོས་ལ། དུས་རྒྱུན་དུ་བདེ་འཇགས་ཐོན་སྐྱེད་གཙོར་བཟུང་ནས་ཏང་སྲིད་འགོ་ཁྲིད་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དངོས་འབེབས་ནན་མོ་བྱེད་དགོས་པ་དང་། དོ་དམ་གསུམ་དང་ངེས་པར་གསུམ་གྱི་ལས་འགན་དངོས་འབེབས་བྱས་ཏེ། དོན་རྐྱེན་ལས་བྱུང་བའི་བསླབ་བྱ་བསྡུ་ལེན་བྱས་ཐོག་ལས་རིགས་ཀྱི་ཁྱབ་ཁོངས་གཙོ་བོའི་ཉེན་ཁའི་གྲལ་བཤེར་དག་ཐེར་བྱ་བ་སྤེལ་བ་དང་། དོན་རྐྱེན་ཆེན་མོའི་མངོན་མེད་རྐྱེན་ངན་དཔེ་མཚོན་ཅན་དང་ལྟ་སྐུལ་དོ་དམ་ཁྲིམས་བསྟར་གྱི་མི་འདང་ས་སོགས་འབུར་ཐོན་གནད་དོན་སྔོག་འདོན་བྱས་ནས། རྩད་གཅོད་ནན་མོ་དང་ཉེན་བརྡ་བཏང་ནས་ཡོངས་བསྒྲགས་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཚབས་ཆེན་སྔོན་འགོག་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་གཏན་འཇགས་ཡོང་བར་འགན་སྲུང་བྱེད་དགོས།
མཱ་ལུའུ་ཡིས་ནན་གྱིས་བསྟན་དོན། ཟོལ་མེད་ཀྱིས་ཆབ་སྲིད་ལངས་གནས་མཐོར་འདེགས་དང་བདེ་འཇགས་ཐོན་སྐྱེད་ཀྱི་དཔྱད་ཞིབ་སྐོར་ཞིབ་བྱ་བའི་དམིགས་བསལ་རང་བཞིན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། མངོན་བཤེར་ལྐོག་བཅར་བྱ་བར་ཧུར་ཐག་སྒོས་གཞོགས་འདེགས་བྱས་ནས། ནན་ཏན་གྱིས་ཐེངས་འདིའི་མངོན་བཤེར་ལྐོག་བཅར་ལས་འགན་དམིགས་ཚད་དུ་བཟུང་སྟེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རང་བཤེར་རང་བཅོས་དང་མི་འདང་ས་སྦ་གསང་མི་བྱེད་པ། འགལ་བའི་གནད་དོན་གཡོལ་ཐབས་མི་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་མཁྲེགས་གཏོར་གྱི་ལོ་གསུམ་འགུལ་སྐྱོད་ལ་སྐུལ་འདེད་བཏང་སྟེ། ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་དག་ཐེར་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཁྱབ་ཁོངས་སོ་སོའི་འགལ་རྡུང་འགལ་བཅོས་ལ་ཤུགས་སྣོན་བྱས་ཏེ། གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་དང་སྲུང་སྐྱོང་གཉིས་ཀྱི་འགན་འཁྲིའི་འདུ་ཤེས་མཐའ་གཅིག་ཏུ་བཟང་བོར་བསྒྲུབས་པ། ནན་ཏན་གྱིས་བྱ་བའི་ལས་འགན་སྣ་ཚོགས་ལ་སྐུལ་འདེད་བཏང་སྟེ། ཟོལ་མེད་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་སྤྱི་ཚོགས་ཆེ་ཕྱོགས་གཏན་འཇགས་ཡོང་བར་འགན་སྲུང་བྱེད་དགོས།
ཀྲང་ཅིན་ཀང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གཏིང་ཟབ་ཏུ་ལག་ལེན་བྱས་ཏེ། མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་རུ་བཀུར་བ། སྲིད་འབྲས་ཡང་དག་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ཤིང་། མཐའ་གཅིག་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་ཆབ་སྲིད་འགན་འཁྲི་ཁུར་དུ་བླངས་ནས། དོན་དངོས་འགུལ་སྐྱོད་ལས་གཏན་ཕབ་གཉིས་ལ་གོང་བཀུར་དང་སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་རྒྱུ་ཡིན། ཤུགས་ཆེན་པོས་མངོན་བཤེར་ལྐོག་བཅར་བྱ་བར་གཞོགས་འདེགས་བྱས་ནས་དཔྱད་ཞིབ་སྐོར་ཞིབ་གནད་དོན་ལ་ཕྱོགས་ཡོངས་ནས་ངོས་ལེན་དང་གསལ་ཁྲ་ལྟར་བསྡུ་ལེན། མྱུར་མོར་བཅོས་བསྒྱུར་བྱས་ཏེ་གནད་དོན་ལྷག་ལུས་མེད་པར་བྱེད་རྒྱུ་ཡིན། དཔེ་མཚོན་རང་བཞིན་ལྡན་པའི་དོན་རྐྱེན་ལས་བྱུང་བའི་བསླབ་བྱ་བསྡུ་ལེན་དང་། ལས་རིགས་ཁྱབ་ཁོངས་གཙོ་བོའི་ཆེད་དོན་དག་ཐེར་བཅོས་སྐྱོང་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་ཡོངས་ནས་བདེ་འཇགས་ཀྱི་ལྟ་རྟོག་དོ་དམ་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་ཡིན། མཚོ་སྔོན་གྱི་ཆར་ཆུ་མོད་པའི་དུས་སྐབས་ཀྱི་གནོད་འགོག་གནོད་སེལ་དང་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི་ཉེན་ཁའི་ཚོད་འཛིན་སོགས་ཀྱི་བྱ་བར་ཟུང་འབྲེལ་བྱས་ཏེ། བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་གཞིར་བཟུང་སྟེ། མངོན་བཤེར་ལྐོག་བཅར་གྱིས་ཁྱབ་བསྒྲགས་མང་དུ་བྱེད་པ་དང་སྐུལ་མ་གཏོང་བའི་འཕྲིན་ཡིག་མང་དུ་བསྐུར་བ། ལྐོག་བཅར་མང་དུ་བྱེད་པ། མངོན་མེད་ཉེན་ཁ་ཡོད་སར་པར་མང་དུ་ལེན་པ། སྣང་མེད་དུ་བསྐྱུར་བའི་མི་རྩད་གཅོད་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་རྒྱུ་རེད།
ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཚན་ཆུང་ཉེར་བཞི་བའི་འབྲེལ་ཡོད་ཁོངས་མི་དང་། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།