མཚོ་སྔོན་ཚོང་ཚོགས་སྐབས27པའི་དངུལ་གཏོང་གསལ་བཤད་ཚོགས་འདུ་དང་མཉམ་ལས་རྣམ་གྲངས་གལ་ཆེན་ལ་གན་རྒྱ་འཇོག་པའི་མཛད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ7པའི་ཚེས15ཉིན། མཚོ་སྔོན་ཚོང་ཚོགས་སྐབས27པའི་དངུལ་གཏོང་གསལ་བཤད་ཚོགས་འདུ་དང་མཉམ་ལས་རྣམ་གྲངས་གལ་ཆེན་ལ་གན་རྒྱ་འཇོག་པའི་མཛད་སྒོ་ཟི་ལིང་དུ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་མཛད་སྒོར་ཞུགས་པ་མ་ཟད་འོས་སྦྱོར་བྱས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས་བྱེད་སྒོར་ཞུགས་མཁན་གྱི་སྐུ་མགྲོན་རྣམ་པར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་པ་མ་ཟད་ཕྱོགས་གསུམ་གྱི་ཐད་ནས་འོས་སྦྱོར་བྱས། དང་པོ། མཚོ་སྔོན་ལ་མ་དངུལ་གཏོང་བར་དགེ་མཚན་གསར་པ་ཡོད། མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་གལ་ཆེ་ལ་དམིགས་བསལ་ཡིན་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ཚུལ་སྒྱུར་ལ་སྦས་ཤུགས་ཚད་མེད་ལྡན་ལ། གཏེར་ཁའི་ཐོན་ཁུངས་ལ་ཐུན་མོང་མ་ཡིན་པའི་ཆ་རྐྱེན་འཛོམས་ཡོད་པས། ཡུན་རིང་མཁོ་སྤྲོད་བརྟན་པོའི་ངང་གསར་སྤེལ་བྱེད་ཐུབ། ནུས་ཁུངས་གཙང་མར་སྦས་ཤུགས་ཧ་ཅང་ཆེན་པོ་ཡོད་པ་དེ་ནི་དྭངས་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བའི“རང་བྱུང་གི་གནས་མཆོག”ཞིག་ཡིན་པ་དང་། སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་མཐོ་སྒང་གི་ལྟ་སྐོར་དང་། སྐྱེ་ཁམས་ཞིབ་སློབ། ཁམས་གསོ་སྤྲོ་གསེང་། དམངས་སྲོལ་ཉམས་ལེན་སོགས་སྣ་མང་ཡུལ་སྐོར་གསར་སྤེལ་གྱི་རིན་ཐང་ལྡན་ལ། ཞིང་ཕྱུགས་ཐོན་རྫས་ལྗང་མདོག་སྐྱེ་ལྡན་ནི་རྒྱལ་ཡོངས་ཀྱི་རྩེར་སོན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཡིན། གཉིས་པ། མཚོ་སྔོན་ལ་དངུལ་གཏོང་བྱེད་པར་གོ་སྐབས་གསར་པ་ཡོད། མིག་སྔར་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱས་ཏེ། ལྗང་མདོག་ཐཱན་ཉུང་རེས་འཁོར་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་མགྱོགས་པོ་བྱེད་པ་དང་། ལྷག་བསམ་ཟོལ་མེད་ངང་ཁེ་ལས་མཁས་ཅན་རྣམ་པ་གདན་དྲངས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་གོ་སྐབས་གསར་པ་མཉམ་སྤྱོད་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ལེགས་ཆ་དེ་ཁེ་ལས་འཕེལ་རྒྱས་ཀྱི་རྒྱུན་སྲིང་རྣམ་པར་འགྱུར་བར་བྱེད་པ།  འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་གོ་སྐབས་གསར་པ་མཉམ་སྤྱོད་བྱས་ནས། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ཀྱི་རིན་ཐང་འཕར་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་སའི་གོ་སྐབས་གསར་པ་མཉམ་སྤྱོད་བྱས་ཏེ། “ལྗང་མདོག་གློག་ཤུགས་དང་ལྗང་མདོག་རྩིས་ནུས། ལྗང་མདོག་རིན་ཐང”བཅས་ཀྱི་མ་ལག་འཛུགས་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པའི་གོ་སྐབས་གསར་པ་མཉམ་སྤྱོད་བྱས་ནས། རིན་ཐང་ལྡབ་འཕར་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་བྱེད་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི་གོ་སྐབས་གསར་པ་མཉམ་སྤྱོད་བྱས་ཏེ། རྒྱལ་ཁབ་ཀྱི་རྩེར་སོན་ལྗང་མདོག་སྐྱེ་ལྡན་ཟོང་རྟགས་ཀྱི་ཚད་བརྒལ་རིན་གོང་མངོན་འགྱུར་ཡོང་བར་བྱེད་དགོས། གསུམ་པ། མཚོ་སྔོན་ལ་དངུལ་གཏོང་བྱེད་པར་རྣམ་པ་གསར་པ་མངོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་ནང་ཧུར་ཐག་གིས་ཞུགས་པ་དང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་རྒྱུན་མཐུད་ངང་བཏོད་དེ། ཞབས་ཞུ་ལེགས་ཤོས་ལ་བརྟེན་ནས་ཚོང་པར་དྲོད་ཁོལ་སྦྱིན་པ་དང་། སྲིད་ཇུས་ལེགས་ཤོས་ལ་བརྟེན་ནས་ཚོང་པ་ཕྱུག་པོ་དང་ཕན་པ་ཐོབ་པ། ཁྲིམས་སྐྱོང་གཟབ་ནན་ལ་བརྟེན་ནས་ཚོང་པ་བདེ་འཇགས་ཡོང་བ་བཅས་བྱས་ཏེ། མཚོ་སྔོན་ལ་ཡོང་ནས་མ་དངུལ་གཏོང་མཁན་གྱིས་བློ་བདེ་མོའི་ཚོང་གཉེར་དང་ སེམས་ཞིབ་མོའི་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། མཚོ་སྔོན་ལ་མ་དངུལ་གཏོང་བ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་མ་དངུལ་གཏོང་བ་ཡིན་པ་དང་། མཚོ་སྔོན་འདེམས་པ་ནི་ངེས་གཏན་རང་བཞིན་གྱི་འཕར་སྣོན་བདམས་པ་ཡིན་ཞིང་། ཁེ་ལས་པ་ཚོ་མཚོ་སྔོན་དུ་བསྐྱོད་པ་དང་ མཚོ་སྔོན་ལ་མ་དངུལ་གཏོང་བ། མཚོ་སྔོན་དུ་གཞི་ཚུགས་པ་བཅས་ལ་དགའ་བསུ་ཞུ་བ་དང་། ལྗང་མདོག་ཐོན་ལས་མཉམ་གཉེར་དང་འཕེལ་རྒྱས་ཀྱི་བར་སྟོང་མཉམ་བཤེར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་བཅས་བྱ་རྒྱུ་ཡིན།

ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་འགོ་འཛིན་བྱས། ཧ་སག་སི་ཐན་གྱི་ཨ་ལ་མུའུ་ཐུའུ་མངའ་སྡེ་ཡི་འགོ་གཙོ་གཞོན་པ་ཅུས་ཐུའུ་ལེ·པ་ཁི་ཐེ་ནུར་དང་། སི་ཁྲོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཏུང་ཡུན། ཀན་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀེ་ཅན་ཐོན་བཅས་ཀྱིས་འོས་སྦྱོར་ངོ་སྤྲོད་བྱས། ཀྲུང་གོའི་འབྲི་ཆུའི་འགག་གསུམ་སྡེ་ཚོགས་ཚད་ཡོད་ཀུང་སི་དང་། མིང་དབྱང་རིག་ལྡན་ནུས་ཁུངས་སྡེ་ཚོགས་མ་རྐང་ཀུང་སི། དམིགས་འགྱུར་གློག་ལས་མ་རྐང་ཚད་ཡོད་ཀུང་སིའི་ནུས་ཁུངས་གསར་པའི་ཀུང་སི་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗེ་རེས་གཏམ་བཤད་སྤེལ། བྱེད་སྒོ་སྤེལ་ཡུལ་དུ་དངུལ་གཏོང་བསྡོམས་འབོར་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་བདུན་དུང་ཕྱུར་གསུམ་ཟིན་པའི་གཙོ་གནད་རྣམ་གྲངས24ཡི་མཉམ་ལས་གྲོས་མཐུན་བཀོད།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་། ཧྥུའུ་ཅན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཧྥུའུ་ཅུན། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་ཀྲུང་གོར་སྡོད་པའི་མཐོ་རིམ་བློ་འདྲི་བ་ཧའེ་པོ་ཚོགས་འདུར་ཞུགས། ཧང་ག་རི་སོགས་ཀྲུང་གོར་སྡོད་པའི་རྒྱལ་ཁབ5ཡི་གཞུང་ཚབ་དོན་གཅོད་ཁང་དང་། ཧ་སག་སི་ཐན་གྱི་ཨ་ལ་མུའུ་ཐུའུ་མངའ་སྡེའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པ། སྤུན་ཟླའི་ཞིང་ཆེན་(གྲོང་ཁྱེར)6གི་འཐུས་ཚབ་ཚོགས་པ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་གྲགས་ཅན238དང་། སྤྱི་ཚོགས་ཀྱི་ཚོགས་པ་དང་ཚོང་ལས་མཐུན་ཚོགས། དཔལ་འབྱོར་རྩ་འཛུགས། དངུལ་རྩའི་ལས་ཁུངས་བཅས་ཚོགས་པ35ཞུགས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།