“ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་འགོ་ལེགས་པོར་རྩོམ”ཞེས་པ་བརྗོད་དོན་ཡིན་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་མགོ་ལོག་ཆེད་འཚོགས་ཟི་ལིང་དུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས14ཉིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་འགོ་ལེགས་པོར་རྩོམ”ཞེས་པ་བརྗོད་དོན་ཡིན་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་མགོ་ལོག་ཆེད་འཚོགས་མཚོ་སྔོན་ཞིང་ཆེན་གསར་འགྱུར་སྒྲོག་སྤེལ་ཚོམས་ཆེན་དུ་སྤེལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་སངས་འབུམ་གྱིས་མགོ་ལོག་ཁུལ“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཕེལ་རྒྱས་གྲུབ་འབྲས་དངོས་ཁྱོན་ཡོངས་ནས་བསྐྱར་གསོ་བྱེད་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”དུས་སྐབས་ཀྱི“ཕུང་བོ་གཅིག་དང་འཁོར་ལོ་གཉིས་འདེགས་སྐྱོར་བཞི”ཡི་འཕེལ་རྒྱས་རྣམ་པར་འགྲེལ་བཤད་ཞིབ་ཚགས་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་རིམ་འཕར། མི་རིགས་མཐུན་སྒྲིལ། དམངས་འཚོ་བཅོས་སྐྱོང་བཅས་ཀྱི་འཕེལ་རྒྱས་འཆར་འགོད་ཕྱིར་མངོན་པར་བྱས།

ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་སུ། མགོ་ལོག་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཚམས་ཐིག་བརྟན་སྲུང་བྱས་ཏེ། ཁྱོན་སྡོམ་མ་དངུལ་སྒོར་ཐེར་འབུམ་གཅིག་བཏང་ནས་མངའ་ཁོངས་ཡོངས་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྤེལ། འབྲོག་པ་མང་ཚོགས་འབུམ་གཅིག་ཁྲི་ལྔ་བཞི་སྟོང་བརྒྱད་བརྒྱ་ཡིས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་དང་། ཁྱད་ལྡན་ཐོན་ལས་ཀྱི་བརྟན་བརླིང་ཡོང་འབབ་ལ་བརྟེན་ནས“སྐྱེ་ཁམས་ཡོང་འབབ་རེག་ཐུབ་པར”བྱས་ཏེ། བདེ་བླག་ངང་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་བསྐྲུན།

དཔལ་འབྱོར་སྒྲོམ་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་སྟེ། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་འཕར་གྲངས་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་གསུམ་བྱེ་བ་གཅིག་ས་ཡ་ལྔ་རུ་ལ་སླེབས་པ་དང་། ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི2.2འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཡོང་འབབ་བརྟན་བརླིང་ངང་འཕར་ཡོད་པ་དང་། མངའ་ཁོངས་ཡོངས་ཀྱི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་ཟམ་གྲུབ་པར་བྱས་ཏེ། “གནམ་སའི་མགོ་ལོག・གཙང་བོའི་འབྲོག་ཐང”ཞེས་པའི་ཟོང་རྟགས་སྐད་གྲགས་དེ་མཐོ་སྒང་ལས་ཕྱི་ཕྱོགས་ལ་ཁྱབ་པར་བྱས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དང་གྲོང་གསེབ་དར་སྤེལ་ནུས་ལྡན་གྱིས་སྦྲེལ་མཐུད་བྱས་ཏེ། ཚད་ལྡན་གསོ་སྐྱོང་རྟེན་གཞི་དང་མཛེས་པའི་གྲོང་ཚོའི་དཔེ་སྟོན་སྡེ་བ་དེ་བས་མང་བོ་འཛུགས་སྐྲུན་བྱས།

མི་རིགས་མཐུན་སྒྲིལ་གྱི“མཉམ་བསྐྲུན་དྲུག”གཞི་དབྱབས་རྒྱལ་ཡོངས་སུ་ཁྱབ་གདལ་དུ་བཏང་བ་དང་། ཐང་བོད་གནའ་ལམ་དང་དཀར་ཐང་རྡོ་བརྐོས་ཡི་གེ པད་མའི་དམར་དམག་ལུང་བ་སོགས་རིག་གནས་ཀྱི་ཐོན་ཁོངས་ལ་བརྟེན་ནས། རྒྱུན་རྣམ་ཅན་གྱི་མི་རིགས་ཁག་སོ་སོའི་བར་ཕན་ཚུན་ཞིབ་སློབ་དུ་བསྐྱོད་པ་དང་། ཧྲང་ཧེ་དང་མགོ་ལོག་མཉམ་འབྲེལ་གྱིས་ཁྱོན་སྡོམ་མི་ཁྲི་གཅིག་ལྔ་སྟོང་རྩ་འཛུགས་བྱས་ཏེ་ཧྲང་ཧེ་སོགས་སུ་སོང་ནས་བརྗེ་རེས་བྱས་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་བརྗེ་རེས་དང་འབྲེལ་འདྲེས། མཉམ་འདྲེས་དམ་ཟབ་བྱས། སློབ་གསོ་དང་སྨན་བཅོས་ཀྱི་སྤྱི་ཕན་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བཏང་སྟེ། མགོ་ལོག་མཚོ་ཤར་སློབ་འབྲིང་འཛུགས་སྐྲུན་བེད་སྤྱོད་བྱས་ནས། ས་གནས་གཞན་ནས་སློབ་གྲྭ་འགྲིམས་པར་སློབ་མ་སྟོང་ཕྲག་མང་བོར་ཕན་བདེ་བསྐྲུན་པ་དང་། ཚགས་དམ་པའི་སྨན་ཁང་མཉམ་འབྲེལ་གྱིས་རྒྱུན་མཐུད་ངང་མཐོ་སྒང་བདེ་ཐང་གི་སྲུང་ཡོལ་སྲ་བརྟན་དུ་བཏང་།

“ལོ་ལྔའི་འཆར་འགོད་བཅོ་ལྔ་བར”དམིགས་བཙུགས་ཏེ། མགོ་ལོག་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་སྲོག་ཤིང་དུ་བཟུང་སྟེ། སྐྱེ་ཁམས་ཕྱུགས་ལས་དང་སྐྱེ་ཁམས་ཡུལ་སྐོར་ལ་མཉམ་དུ་སྐུལ་འདེད་བཏང་། སྐྱེ་ཁམས་ཁྱབ་ཁོངས་སུ་གཙོ་གནད་ལས་གཞི48ལག་བསྟར་བྱས་ཏེ། རྩྭ་ཐང་གི་ཐཱན་འདུས་ཚོད་ལྟ་དང་ས་ཁོངས་བརྒལ་བའི་སྐྱེ་ཁམས་ཁ་གསབ་དོན་འཁྱོལ་བྱེད་པ། འཁྱགས་རོམ་བརླན་ས་ཕྱོགས་བསྡུས་སྒོས་ཉམས་གསོ་བྱེད་པ། རིག་གནས་ཡུལ་སྐོར་གྱིས་སྲུང་སྐྱོབ་རང་བཞིན་གྱི་གསར་སྤེལ་ལ་མཐོང་ཆེན་བྱས་ཏེ། གཉན་པོ་གཡུ་རྩེ་སྐྱེ་ཁམས་ལྟ་སྐོར་ལམ་ཐིག་སྒོ་འབྱེད་བྱེད་པ་དང་། སྐར་མའི་ཞིབ་འཇུག་སློབ་སྦྱོང་དང་གེ་སར་རྒྱལ་པོའི་སྒྲུང་གི་ཤུལ་བཞག་རིག་གནས་ཉམས་ལེན་སོགས་ཀྱི་ལས་རྣམ་གསར་པ་གསོ་སྐྱོང་བྱས་ཏེ། ཡུལ་སྐོར་དཔལ་འབྱོར་ལོ་རེའི་ཆ་སྙོམས་འཕར་ཚད་20%འཕར་བར་བརྩོན་ལེན་བྱེད་རྒྱུ་རེད།

ཐོན་ལས་ཀྱི་ཕྱོགས་ནས་གནས་བརྒལ་དཔལ་འབྱོར་ལམ་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་། ནོར་གནག་གི་ཞིབ་ཚགས་ལས་སྣོན་ཐོན་ལས་ཀྱི་སྦྲེལ་ཐག་ཇེ་རིང་དུ་གཏོང་བ། མུ་མཐུད་དུ་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱེད་པ། མི་རིགས་ལས་དོན་གྱིས་ཀྲུང་ཧྭའི་རིག་གནས་ཐོན་ཁུངས་གཏིང་ཟབ་སྔོག་འདོན་བྱས་ཏེ།“ཕ་ཡུལ་མགོ་ལོག་ཡིན”ཞེས་པའི་ཁྱད་ལྡན་རྟེན་གཞི་བསྐྲུན་པ་དང་། ཕན་ཚུན་འདྲེས་སྡོད་ཀྱི་སྤྱི་ཚོགས་གྲུབ་ཚུལ་འཛུགས་སྐྲུན་བྱེད་པ། སློབ་གསོ་ཡིས་མུ་མཐུད་དུ་ས་གཞན་དུ་སློབ་གཉེར་བྱེད་པའི་ཐོན་ཁུངས་རྒྱ་བསྐྱེད་པ་དང་། ཟི་ལིང་གི་སློབ་གྲྭ་འབྲིང་ཆུང་གསར་སྐྲུན་བྱེད་པ། དུས་མཚུངས་སུ་ཡང་བསྐྱར་དབུལ་བོར་འགྱུར་བའི་སྔོན་འགོག་གི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་དོ་དམ་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ལས་ཞུགས་དང་སྨན་བཅོས། འཚོ་སྡོད་ཁོར་ཡུག་སོགས་དམངས་འཚོའི་བྱ་བ་དངོས་མུ་མཐུད་དུ་ཡག་པོར་སྒྲུབ་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།