སྒོ་འབྱེད་མཉམ་རྒྱལ་དང་མི་ཐབས་རིག་ནུས་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མི་ཐབས་རིག་ནུས་ཀྱིས་མ་འོངས་བའི་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་པས། རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དུ་འཇུག་དགོས། ང་ཚོས་མིའི་རིགས་ཡོངས་ཀྱི་བདེ་སྐྱིད་སེམས་སུ་བཅངས་ནས། མི་ཐབས་རིག་ནུས་ཕན་ཡོད་དང་བདེ་འཇགས། དྲང་བདེན་བཅས་ཀྱི་ཕྱོགས་སུ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

མི་ཐབས་རིག་ནུས་ཀྱིས་ཧྲིལ་པོའི་དཔལ་འབྱོར་གྲུབ་སྟངས་དང་བཅོས་སྐྱོང་མ་ལག་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པའི་སྐབས་འདིར། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྒོ་འབྱེད་རྣམ་པའི་ཐོག་ནས་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ལག་རྩལ་མཐུན་སྦྱོར་ཡར་ཐོན་ལ་སྐུལ་འདེད་བཏང་བ་དང་། འགུལ་སྤྱོད་ཏན་ཏིག་ལ་བརྟེན་ནས་མི་ཐབས་རིག་ནུས་ཀྱི་ཀུན་ཕན་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མི་ཐབས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཀྲུང་གོའི་བློ་གྲོས་འདོན་བཞིན་ཡོད།

མིག་སྔར། ཕ་ཁི་སི་ཐན་གྱི་དུས་རླུང་ཆར་དུས་ཡིན་པ་དང་། ཀྲུང་གོས་ཁྱབ་བསྒྲགས་བྱས་པའི“མ་ཙུ”དཔེ་དབྱིབས་ཆེན་པོར་བརྟེན་ནས། ཁོ་ཚོས་དུས་སྔོན་ནས་བརྡ་རྟགས་བཟུང་སྟེ། མགྱོགས་མྱུར་ངང་སྔོན་བརྡ་བཏང་། ད་ལྟ་ཀྲུང་གོའི་མི་ཐབས་རིག་ནུས་ཐོན་རྫས་དེ་རི་བོ་དང་རྒྱ་མཚོ་བརྒལ་ནས་གོ་ལ་ཧྲིལ་པོའི་ས་ཆ་མང་པོར་བེད་སྤྱོད་བྱེད་བཞིན་ཡོད།

ཕ་ཁི་སི་ཐན་གནམ་གཤིས་བརྟག་དཔྱད་ཅུས་ཞིབ་འཇུག་གསར་སྤེལ་ཁྲུའུ་ཡི་འགན་ཁུར་པ་ཧྥུ་ལུའུ་ཧོ·པ་ཞི་འར་གྱིས་བཤད་རྒྱུར། སྟེགས་བུ་འདི་ལ་བརྟེན་ནས། ང་ཚོས་ཆུ་ལོག་དང་ཐན་པ་སོགས་ཐལ་དྲག་པའི་གནམ་གཤིས་ཀྱི་དོན་རྐྱེན་ལ་སྔར་ལས་གནད་ལ་འཁེལ་བའི་ངང་སྔོན་དཔག་བྱེད་ཐུབ་པ་དང་། ང་ཚོས་འདི་ལྟ་བུའི་འཛམ་གླིང་ལ་བདེ་སྐྱིད་སྐྲུན་ཐུབ་པའི་ཐོན་རྫས་སྔར་ལས་མང་པོ་མཐོང་ཐུབ་པར་རེ་སྒུག་བྱེད་ཀྱི་ཡོད།

“མི་རྩ་བར་འཛིན་པ་དང་རིག་ནུས་དར་སྤེལ་རྒྱུན་འཁྱོངས་བྱེད་པ། ” འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། མིའི་རིགས་ཀྱི་མདུན་ལམ་ལས་སྐལ་དང་ཐུན་མོང་གི་བདེ་རྩར་དམིགས་ནས་བཏོན་པའི་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་བཞེད་དགོངས་ཡིན།

2018ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་ཐབས་རིག་ནུས་ཚུད་པའི་ཚན་རྩལ་གསར་གཏོད་བཀོད་སྒྲིག་གནང་སྐབས། “རང་བརྟེན་གསར་གཏོད་ནི་སྒོ་འབྱེད་ཁོར་ཡུག་འོག་གི་གསར་གཏོད་ཡིན”པར་བསྟན་པ་དང་།“ཀྲུང་གོས་མི་ཐབས་རིག་ནུས་ཁྱབ་ཁོངས་སུ་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཕེལ་རྒྱས་དང་། བདེ་འཇགས་སྲུང་སྐྱོབ། གྲུབ་འབྲས་མཉམ་སྤྱོད་བཅས་བྱེད་འདོད་ཡོད”ཅེས་ནན་གྱིས་བསྟན།

གོ་ལ་ཧྲིལ་པོའི་རིག་ནུས་ཀྱི་ཧེ་བག་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བ་དང་། ལག་རྩལ་གསར་གཏོད་ལས་བྱུང་བའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་ཐབས་རིག་ནུས་ནི་མིའི་རིགས་ཡོངས་ལ་བདེ་སྐྱིད་སྐྲུན་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་ཡིན་དགོས”པས། “མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་མི་ཐབས་རིག་ནུས་ཀྱི་སྒྲིག་སྲོལ་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ”དང་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་དགོས”ཞེས་བསྟན། 2023ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ལ་དམིགས་ནས་སྔོན་ལ《གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གི་གྲོས་འགོ》བཏོན་ཏེ། མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་དང་། བདེ་འཇགས། བཅོས་སྐྱོང་བཅས་ཕྱོགས་གསུམ་ལ་དམིགས་ནས་ཀྲུང་གོའི་ཇུས་གཞི་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་། 《གྲོས་འགོ》ལས་མི་ཐབས་རིག་ནུས་ལག་རྩལ་གྱི་བདེ་འཇགས་རང་བཞིན་དང་། བློས་འགེལ་ཆོག་པའི་རང་བཞིན། ཚོད་འཛིན་ཐུབ་པའི་རང་བཞིན། དྲང་བདེན་རང་བཞིན་བཅས་རྒྱུན་ཆད་མེད་པར་ཇེ་མཐོ་རུ་གཏོང་དགོས་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕྱོགས་པའི་རྒྱལ་སྤྱིའི་མཉམ་ལས་དང་རོགས་སྐྱོར་ལ་ཤུགས་བསྣན་ཏེ། རིག་ནུས་ཀྱི་ཧེ་བག་དང་བཅོས་སྐྱོང་ཧེ་བག་སེལ་བ་སོགས་ཀྱི་འགུལ་སྤྱོད་ཞིབ་ཕྲ་བཏོན།

དེའི་རྗེས་སུ། རྒྱལ་སྤྱིའི་ཚོགས་ར་མང་པོ་རུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་ཐབས་རིག་ནུས་བཟང་ཕྱོགས་སུ་འཕེལ་ནས་རིགས་ཡོངས་ལ་བདེ་སྐྱིད་སྐྲུན་དགོས་པ་ནན་གྱིས་བསྟན།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་མཐོ་རིམ་ལག་རྩལ་སིའི་སི་ཀྲང་གཞོན་པ་ཀྲང་ཁའེ་ལིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་ཐབས་རིག་ནུས་སྐོར་གྱི་གྲོས་འགོ་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པས། ཀྲུང་གོའི་ཁྱད་ཆོས་ཀྱི་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཡག་པོ་སྐྱོད་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ལ། གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཀྱི་སྒོ་འབྱེད་ཁོར་ཡུག་བསྐྲུན་ཆེད་ཀྲུང་གོའི་ཇུས་གཞི་བཏོན་ཡོད། ཀྲུང་གོས་རང་བདག་གསར་གཏོད་དང་སྒོ་འབྱེད་མཉམ་ལས་ཀྱི་ཕན་ཚུན་སྐུལ་སྤེལ་དང་། ལག་རྩལ་ཡར་ཐོན་དང་བདེ་འཇགས་བཅོས་སྐྱོང་གི་འགུལ་རྣམ་དོ་མཉམ་གྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རམ་འདེགས་བྱས་ཏེ། མི་ཐབས་རིག་ནུས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་ལ་སྔར་བས་ཞབས་འདེགས་བཟང་བོ་ཞུ་ཆེད་ཀྲུང་གོའི་བྱས་རྗེས་བཞག་ཡོད། 

ཀྲུང་གོ་ནི་དར་སྤེལ་གཏོང་མཁན་ཡིན་ལ། ལག་ལེན་བྱེད་མཁན་ཀྱང་ཡིན། 《མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་གི་ཀུན་ཕན་འཆར་གཞི》བཏོན་པ་ནས། 《མི་ཐབས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འགུལ་སྤྱོད་འཆར་གཞི》བཏོན་པའི་བར། རང་རྒྱལ་གྱིས་མགྱོགས་མྱུར་སྒོས་མི་ཐབས་རིག་ནུས་ཀྱི་རྒྱལ་སྤྱིའི་མཉམ་ལས་སྒྲོམ་གཞི་བཙུགས་པ་དང་།《ཆགས་གྲུབ་རྣམ་པའི་མི་ཐབས་རིག་ནུས་ཞབས་ཞུ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》དང《རབས་གསར་པའི་མི་ཐབས་རིག་ནུས་མི་ཆོས་ཚད་གཞི》བཏོན་པ་ནས་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བའི་བར། རང་རྒྱལ་གྱིས་མི་ཐབས་རིག་ནུས་ཀྱི་བདེ་འཇགས་ཚོད་འཛིན་ཐུབ་པའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད། ད་ལྟ་རང་རྒྱལ་གྱི་སྒོ་འབྱེད་གསར་གཏོད་ཁོར་ཡུག་དེ་གོ་ལ་ཧྲིལ་པོའི་ལག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། ཉིན་འགའི་སྔོན། རང་རྒྱལ་གྱི་མི་ཐབས་རིག་ནུས་འབྱུང་ཁུངས་ཀྱི་དཔེ་དབྱིབས་ཆེན་པོ་ཕབ་ལེན་བྱས་གྲངས་རིམ་རྩིས་བྱས་ན་ཐེངས་ཐེར་ཆེན་གཅིག་ལས་བརྒལ་ནས། གོ་ལ་ཧྲིལ་པོའི་ཨང་དང་པོར་གནས་ཡོད། གོ་ལ་ཧྲིལ་པོའི་འབྱུང་ཁུངས་གཙོ་བོའི་དཔེ་དབྱིབས་ཀྱི་མཆེད་སྐྱེས་དཔེ་དབྱིབས་ཀྱི་འཕེལ་ཕྱོགས་རི་མོའི་སྟེང་། ང་ཚོས་འགྱུར་ལྡོག་འདི་འདྲ་ཞིག་མཐོང་བྱུང་སྟེ། 2024ལོའི་ཟླ8པར། ཀྲུང་གོའི་དཔེ་དབྱིབས་ཆེན་པོ་ཐོག་མར་འགྲུབ་པ་དང་། དེ་ནས་སྟོན་གྲངས་རིམ་པར་འཕར། ད་ལོར་དཔེ་དབྱིབས་རྐྱང་པ་ལས་མཆེད་སྐྱེས་ཀྱི་གྲངས་འབོར་འབུམ་གཉིས་ལས་བརྒལ་ནས། ཧ་ལམ་འབྱུང་ཁུངས་དཔེ་དབྱིབས་གཞན་དག་གི་བསྡོམས་འབོར་དང་མཚུངས།

ད་ལྟ། གོ་ལ་ཧྲིལ་པོའི་ས་གནས་སོ་སོ་དང་ལས་རིགས་སོ་སོ་ནས་ཡོང་བའི་ལས་གཏོད་མཁན་དང་ཚན་རིག་ཞིབ་འཇུག་ཚོགས་པ་ཚང་མས་ཀྲུང་གོའི་དཔེ་དབྱིབས་ཆེན་པོ་ལ་གཞིགས་ནས་ཡང་བསྐྱར་གསར་སྤེལ་བྱེད་ཐུབ་ཅིང་། ཆ་སྙོམས་ཉིན་རེར་མཆེད་སྐྱེས་དཔེ་དབྱིབས་ཉིས་བརྒྱ་ལས་བརྒལ་བ་བྱུང་ཡོད།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཚན་རྩལ་ཁང་གི་འགོ་གཙོ་གཞོན་པ་ཀན་ཞའོ་པིན་གྱིས་བཤད་རྒྱུར། རང་རྒྱལ་གྱི་མི་ཐབས་རིག་ནུས་ཀྱིས་གོ་ལ་ཧྲིལ་པོར་སྤྱོད་ཐུབ་པ་དང་བེད་སྤྱོད་ལེགས་པོ་ཐུབ་པའི་ཁུངས་འབྱེད་དཔེ་དབྱིབས་དང་རིག་ནུས་ཐོན་རྫས་ཀྱི་སྒྲིག་ཆས་མང་པོ་མཁོ་འདོན་བྱས་ཡོད་ལ། ང་ཚོས་ཐོག་མཐའ་བར་གསུམ་དུ་སྒོ་འབྱེད་མཉམ་རྒྱལ་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། སྣ་མང་སྒོ་འབྱེད་གསར་གཏོད་ཁོར་ཡུག་བསྐྲུན་པར་སྐུལ་འདེད་བཏང་ཞིང་། དེ་མི་ཐབས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འགུལ་སྐྱོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག་ལག་རྩལ་གྱི་དཀའ་གནད་ཚད་གཞི་དམའ་རུ་གཏོང་བ་དང་མེད་པར་བཟོས་ནས་མི་ཐབས་རིག་ནུས་ལག་རྩལ་ཞབས་ཞུའི་ཀུན་ཕན་རང་བཞིན་དང་སྤྱོད་འཐུས་རང་བཞིན་ལ་སྐུལ་འདེད་བཏང་།

ད་ལྟ་ཀྲུང་གོའི་བློ་གྲོས་ཀྱིས་རྒྱལ་ཁབ་སྔར་བས་མང་བ་ལག་རྩལ་གནད་འགག་ལས་བརྒལ་བར་རམ་འདེགས་བྱེད་བཞིན་ཡོད། ཙམ་པབ་ཝེ་རུ། ཀྲུང་གོ་སྲིད་གཞུང་གིས་རོགས་སྐྲུན་བྱས་པའི་རིམ་འདས་རྩིས་རྒྱག་ལྟེ་གནས་གནས་དེར་མི་ཐབས་རིག་ནུས་འཕེལ་རྒྱས་གཏོང་བའི་གཞི་གདན་གལ་ཆེན་ཞིག་ཏུ་གྱུར་ཡོད། འཁོར་སྐྱོད་བྱས་ནས་ལོ་གཅིག་ཀྱང་མ་འགོར་བར་མཐོ་རིམ་སློབ་ཆེན15ལ་སྦྲེལ་མཐུད་བྱས་ཡོད། ཆ་སྙོམས་ཞིབ་འཇུག་རྩིས་རྒྱག་མྱུར་ཚད40%མཐོ་རུ་ཕྱིན་པ་དེའི་ནང་ཐན་སྐྱོན་སྔོན་དཔག་ཉེན་བརྡའི་དཔེ་དབྱིབས་ཤིག་ཡོད་པ་དེས་གནས་འདིའི་ཆུའི་ཐོན་ཁུངས་སྤྱོད་ཚད15%མཐོ་རུ་འགྲོ་བར་རོགས་རམ་བྱེད་ཐུབ་ལ། རྨང་གཞིའི་སྒྲིག་ཆས་གསར་པའི་རོགས་སྐྱོར་འཛུགས་སྐྲུན་ཞིག་ཡིན་པ་མ་ཟད། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཏུ་སྐྱོད་པའིAIཞིང་ལས་ཐག་གཅོད་ཇུས་གཞི་ནས་ཨ་ཧྥེ་རི་ཁའི་བྱིས་པར་ལྷན་སྐྱེས་སྙིང་ནད་བརྟག་དཔྱད་བྱེད་རོགས་ཀྱི་རྒྱང་བསྟེན་སྨན་བཅོས་བར། ཀྲུང་གོའི་ཇུས་གཞི་དེ་གོ་ལ་ཧྲིལ་པོའི་རིག་ནུས་ཀྱི་བར་ཁྱད་ཆུང་དུ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད།

ད་ལྟ་ཀྲུང་གོས་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བདེ་འཇགས་བཅོས་སྐྱོང་ལ་སྣེ་ཁྲིད་ནས། གོ་ལ་ཧྲིལ་པོའིAIརིག་ནུས་གཟུགས་ཀྱི་བདེ་འཇགས་ཚད་ལེན་ཚོད་ལྟའི་ཚད་གཞི་ཐོག་མ་དེ་ཁྱབ་བསྒྲགས་བྱས་ཤིང་། དཔེ་དབྱིབས་ཆེན་པོའི་བདེ་འཇགས་དང་གཏིང་ཟབ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་སྔོན་ལ་སྤེལ་ནས། གོ་ལ་ཧྲིལ་པོའི་སྒྲིག་སྲོལ་གྲོས་མོལ་ནང་རང་འགུལ་ངང་ཞུགས་པ་དང་། ན་ནིང་ཟླ8པར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྟེང་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གྲོས་ཆོད་ལ་གྲོས་འཆམ་བྱུང་ཞིང་། ཐེངས་དང་པོར་ཕྱོགས་མང་སྒྲོམ་གཞིའི་རྣམ་པས་ཀྲུང་གོས་བཏོན་པའི“མི་གཙོ་བོར་འཛིན་པ་དང་། བདེ་འཇགས་ཚོད་འཛིན་ཐུབ་པ། ཀུན་ཕན་དཀྱེལ་ཡངས”བཅས་ཀྱི་བཅོས་སྐྱོང་རྩ་དོན་དང་ལེན་ཁ་གསལ་བྱས་ཡོད།

ཀྲུང་གོ་དང་གསེར་ལྡན་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་འཕེལ་རྒྱས་དང་མཉམ་ལས་ལྟེ་གནས་ཀྱི་ཆེད་མཁས་ཨུ་ལྷན་གྱི་འཐུས་མི་ཨའོ་ཐའེ་དབྱི·ཧི་ཨར་ཙུའོ་ཀེ་ཡིས་བཤད་རྒྱུར། ཀྲུང་གོས་མི་ཐབས་རིག་ནུས་ཁྱབ་ཁོངས་སུ་བཏོན་པའི་བཅོས་སྐྱོང་ཇུས་གཞི་ཡིས་རྒྱལ་སྤྱིའི་ཚད་གཞི་འཛུགས་སྐྲུན་དང་བདེ་འཇགས་ཚོད་འཛིན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཚབ་བྱེད་མི་ནུས་པའི་ནུས་པ་བཏོན་ནས། གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བདེ་ཐང་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།