ཟླ7པའི་ཚེས14ཉིན། ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་མོལ་ཚོགས་འདུ་སྐབས་ཉེར་བདུན་པའི་སྐུ་མགྲོན་གཙོ་བོ་སྟེ། ཀྲི་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་འགྲེམས་སྟོན་ཁང་གི་སྒོ་འབྱེད་མཛད་སྒོ་མཚོ་སྔོན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་འཚོགས། ཀྲུང་གོར་སྡོད་པའི་ཀྲི་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ཞིའར་ཝ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་ཚོགས་འདུར་ཞུགས་ཏེ། སྔ་རྗེས་སུ་ཤིས་ཚིག་ཕུལ་རྗེས་ཀྲི་ལི་རྒྱལ་ཁབ་འགྲེམས་སྟོན་ཁང་གི་སྒོ་དངོས་སུ་ཕྱེས།
སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་དུ། ཀྲི་ལི་གདན་ཞུས་ལྟར་སྐུ་མགྲོན་རྒྱལ་ཁབ་གཙོ་བོའི་འགན་འཁུར་བ་དེ་ནི། ཀྲུང་གོ་དང་ཀྲི་ལིའི་སྲོལ་རྒྱུན་མཛའ་མཐུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་གསོན་ཉམས་ལྡན་པའི་དཔང་རྟགས་ཤིག་ཡིན་ལ། མཚོ་སྔོན་གྱིས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ས་གནས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆགས་སྟངས་གསར་པ་རྒྱ་བསྐྱེད་པའི་གོ་སྐབས་གལ་ཆེན་ཞིག་ཡིན། ད་ཐེངས་ཀྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྲི་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་འགྲེམས་སྟོན་ཁང་སྒོ་དངོས་སུ་ཕྱེས་ནས། ཨན་ཏི་སི་རི་རྒྱུད་ཀྱི་རང་བྱུང་མཛེས་ལྗོངས་རང་གི་ཐག་ཉེ་ས་ནས་མྱོང་རོལ་བྱེད་པ་དང་། ཀྲི་ལིའི་སྣ་མང་གི་མི་གཞུང་རིག་གནས་སྣ་ཚོགས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱེད་པ། ཕྱོགས་གཉིས་ཀྱི་ཐོན་ལས་མཉམ་ལས་ཀྱི་གོ་སྐབས་སྔོག་འདོན་བྱེད་པ་བཅས་ཀྱི་ཐད་ཕན་ཚུན་སྤེལ་རེས་གཉིས་ཕན་གྱི་ཟམ་པ་བསྐྲུན་པའི་དུས་མཚུངས་སུ། སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་རྒྱལ་སྤྱི་ཅན་གྱི་ཁྱད་ཆོས་བསྣན་ཡོད།
ད་ལོ་ནི་ཀྲུང་གོ་དང་ཀྲི་ལི་བར་འབྲེལ་བ་བཙུགས་ནས་ལོ56འཁོར་བའི་ལོ་ཡིན་ལ། རྒྱལ་ཁབ་གཉི་གས་ཕན་ཚུན་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་བཅུ་འཁོར་བའི་ལོའང་ཡིན། ཀྲི་ལི་ནི་མེ་གླིང་ལྷོ་མའི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། ཐུན་མོང་མ་ཡིན་པའི་རི་བོ་དང་རྒྱ་མཚོའི་ས་དབྱིབས་ལ་བརྟེན་ནས། ཁྱད་ལྡན་ཞིང་ནགས་དང་རྒྱ་མཚོའི་དཔལ་འབྱོར། སླར་སྐྱེས་ཐུབ་པའི་ནུས་ཁུངས་ཐོན་ལས་མ་ལག་བཅས་རིམ་པར་གྲུབ་ཡོད། ཚྭ་མཚོའི་ལིས་ཐོན་ཁུངས་གསར་སྤེལ་དང་ཐཱན་ཉུང་ནུས་ཁུངས་ཚུལ་སྒྱུར། རྩེར་སོན་ཞིང་ལས་ཐོན་རྫས་ཕྱིར་གཏོང་སོགས་ཁྱབ་ཁོངས་སུ་འཐུས་ཚང་གི་ཐོན་ལས་ཉམས་མྱོང་ཡོད་པ་དང་འཛམ་གླིང་ཧྲིལ་པོའི་ཁྲོམ་རའི་ཐབས་ལམ་བཏོད་ཡོད། མཚོ་སྔོན་དང་ཀྲི་ལི་གཉིས་བར་དུ་རི་བོ་དང་རྒྱ་མཚོ་དུ་མས་བར་ཐག་གིས་ཆོད་ཡོད་ཀྱང་། ས་ཁུལ་གཉིས་པོའི་འཕེལ་རྒྱས་ཀྱི་འདུ་ཤེས་གཅིག་མཚུངས་དང་ཐོན་ལས་ཀྱི་ལེགས་ཆ་གསབ་རེས་བྱེད་པ། མི་གཞུང་རིག་གནས་ཁྱད་ཆོས་འདྲ་བ་བཅས་ཀྱི་དབང་གིས། ཕན་ཚུན་བར་མཉམ་ལས་ཀྱི་མདུན་ལམ་ཧ་ཅང་ཆེན་པོ་ཡོད། ཕྱོགས་གཉི་གས་ཐོག་མཐའ་བར་གསུམ་དུ་སྒོ་འབྱེད་བསྟུན་མཁས་དང་གཉིས་ཕན་གཉིས་རྒྱལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ས་གནས་གཉི་གའི་ཁེ་ལས་ཀྱིས་སྤེལ་རེས་མཉམ་ལས་དང་རྣམ་གྲངས་སྦྲེལ་མཐུད། དངུལ་གཏོང་ལས་དར་བཅས་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱ་རྒྱུ་རེད།