ལེན་ཐུང་གཙང་གསུམ་འཆད་ཁྲིད་ཁང་གི་དཔྱིད་ཀའི་སློབ་སྐབས་ཀྱི་འཆད་ཁྲིད་ཐེངས་བཞི་བ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཀྲུང་གོའི་ལེན་ཐུང་མཚོ་སྔོན་ཡན་ལག་ཀུང་ཟིས་མཉམ་དུ་སྤེལ་བའི་ལེན་ཐུང་གཙང་གསུམ་འཆད་ཁྲིད་ཁང་གི2026ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་འཆད་ཁྲིད་ཐེངས་བཞི་བ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་སྤེལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་ཁྲིམས་རིག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐྱེ་ཁམས་ཁོར་ཡུག་བཅའ་ཁྲིམས་རྩོམ་སྒྲིག་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། བྱ་བའི་ཆེད་དོན་འཛིན་གྲྭའི་འགན་ཁུར་བ་ལོའུ་ཀྲུང་མཱེ་ཡིས་ཁ་ཡིག་ལ་སྐྱེ་ཁམས་ཁོར་ཡུག་བཅའ་ཁྲིམས་ཀྱི་འདྲི་བ་དྲིས་ལན་ཞེས་པའི་ཆེད་དོན་འཆད་ཁྲིད་སྤེལ།

ཀྲུང་ཧྭ་མི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་དེ་ཟླ8པའི་ཚེས15ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། དེ་ནི་འཛམ་གླིང་སྟེང་གི་སྐྱེ་ཁམས་ཁོར་ཡུག་གི་མིང་བཏགས་པའི་ཁྲིམས་གཞུང་ཐོག་མ་ཡིན་པ་དང་། རང་རྒྱལ་གྱི་ཁྲིམས་གཞུང་གི་མིང་བཏགས་པའི་གཞི་རྩའི་བཅའ་ཁྲིམས་གཉིས་པ་རེད། དེ་ལས་ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་ཁྲིམས་གཞུང་ཅན་གྱི་དུས་རབས་སུ་བསླེབས་པ་མཚོན་ཡོད། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་རྩོམ་སྒྲིག་བྱ་བའི་སྐུལ་འདེད་མཁན་ཡིན་པའི་ཆ་ནས། ལོའུ་ཀྲུང་མཱེ་ཡིས་ཅིའི་ཕྱིར་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་རྩོམ་སྒྲིག་བྱེད་དགོས་པ་དང་། ཅིའི་ཕྱིར་སྐྱེ་ཁམས་ཁོར་ཡུག་གིས་ཁྲིམས་གཞུང་ལ་མིང་བཏགས་པ། ཅིའི་ཕྱིར་ཁྲིམས་གཞུང་ཅན་གྱི་རྣམ་པ་འོས་འཚམ་སྤྱད་པ་སོགས་ཕྱོགས་འགའ་ནས་ཁྲིམས་གཞུང་གི་ཁྲིམས་འཛུགས་སྙིང་སྟོབས་དང་། ནང་དོན་གཙོ་བོ། ལམ་ལུགས་གསར་གཏོད་བཅས་ལ་ལེགས་སྒྲིག་གང་ལེགས་བྱས་ཡོད། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་ཞིང་དམིགས་བསལ་ཡིན་པས། ཐེངས་འདིའི་འཆད་ཁྲིད་དེ་ཏང་ཡོན་ལས་བྱེད་པས་སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་གཞུང་དེར་སློབ་སྦྱོར་དང་དྲིལ་སྒྲོག  ལག་བསྟར་བཅས་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཚང་མས་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་ཀྱི་ཚད་མཐའ་སྲུང་བ་དང་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་འཛུགས་པའི་བསམ་བློའི་ངོས་ཟིན་ཇེ་ཟབ་ཏུ་གཏོང་ཐུབ།

ཉིན་དེར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་དེའི་ཁོངས་གཏོགས་ཀྱི་རྫོང་ཏང་ཨུའི་འབྲེལ་ཡོད་འགོ་ཁྲིད་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཞིང་ཆེན་ནགས་རྩྭ་ཅུས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་སོགས་ཀྱི་ལས་བཟོ་བའི་འཐུས་མི་དང་། མཚོ་སྔོན་སློབ་ཆེན་སོགས་ཀྱི་དགེ་སློབ་འཐུས་མི། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་འབྲེལ་ཡོད་བརྗོད་དོན་འཛིན་གྲྭའི་སློབ་མ་དང་། དགེ་བཟོ་བ་རྣམས་ཀྱིས་ཡུལ་དངོས་སུ་འཆད་ཁྲིད་ལ་ཉན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་གི་སློབ་གྲྭ། མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་གི་བརྗོད་དོན་འཛིན་གྲྭའི་སློབ་མ་དང་དགེ་བཟོ་བ་བཅས་ཀྱིས་དུས་མཉམ་དུ་དྲ་འབྲེལ་བརྙན་རིས་ལ་བལྟས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།