ཟླ7པའི་ཚེས7ཉིན་ནས་ཚེས10ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་མཚོ་སྔོན་དུ་ཡོད་པའི་འཐུས་མི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་སྟེ། “འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་སྒོས་བསྐྲུན་པ་དང་མཚོ་སྔོན་ལྗང་མདོག་ཐཱན་ཉུང་དེང་རབས་ཐོན་ལས་ཀྱི་རྣམ་པ་གསར་བསྐྲུན་པ”ཞེས་པ་གཞིར་བཟུང་ནས་ཆེད་དོན་རྟོག་ཞིབ་བྱས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་མཱ་ཧྲི་ཀུང་དང་མཱ་ཧྥུའུ་ཁྲང་། རིན་ཆེན་བཀྲ་ཤིས། ཞུས་ཆིན་མིང་། ཡོན་ཧུང་ཝེ། ཤ་བོ་སྒྲོལ་མ། ཀོའུ་ཅིན་ཕིང་། ཏུང་ཆོན་མིང་། ཅང་ཀྲི་ཀང་བཅས་རྟོག་ཞིབ་ཁྲོད་ཞུགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་ཀྲང་ཧོང་ཡོན་མཉམ་དུ་རྟོག་ཞིབ་ཁྲོད་ཞུགས།
འཐུས་མི་རྣམས་སྔ་རྗེས་སུ་གོར་མོ་གྲོང་ཁྱེར་དང་མང་ངེ་གྲོང་ཁྱེར་དུ་སོང་ནས། མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི་ཅཱ་ལུད་ཡན་ལག་ཀུང་ཟི་སོགས་ཁེ་ལས8ཀྱི་ཐོན་སྐྱེད་འཁོར་ཁང་དང་ཚོད་འཛིན་ལྟེ་གནས། གསར་གཏོད་ཚོད་ལྟ་ཁང་། རྣམ་གྲངས་འཛུགས་སྐྲུན་བྱེད་ས་བཅས་ཟབ་ཞུགས་བྱས་ཏེ། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་དང་ལག་རྩལ་གསར་གཏོད། ཐོན་ལས་རིམ་སྤར། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པར་མ་ཟད། ཁེ་ལས་ཀྱི་འགན་འཁུར་བ་དང་འཐབ་ཕྱོགས་དང་པོའི་ལས་བཟོ་བ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་བཅས་དང་བཞུགས་མོལ་བརྗེ་རེས་བྱས།
རྟོག་ཞིབ་ཚོགས་ཆུང་གིས་འཛམ་གླིང་རིམ་པའི་དེང་རབས་ཅན་གྱི་ཚྭ་མཚོའི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པར་ངེས་པར་དུ་རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་འཕེལ་རྒྱས་ཁ་ཕྱོགས་ལ་དམིགས་ནས། ཚྭ་མཚོ་ཟུང་འབྲེལ་གྱི་མཉམ་འདྲེས་ལས་རིགས་ཧུར་ཐག་གིས་གསོ་སྐྱོང་བྱས་ཏེ། ལྗང་མདོག་ཐོན་ལས་འབྲེལ་ཐག་ཞིབ་ཚགས་དང་ལེགས་པོ། རྒྱུན་རིང་ཅན་དུ་བསྐྲུན་ནས། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་ལས་ཚོགས་སྤྱི་གསོ་སྐྱོང་གང་མགྱོགས་བྱས་ཏེ། ཐཱན་མེད་ཚྭ་མཚོ་གཏོད་རྒྱུར་སྐུལ་འདེད་བཏང་ནས། ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་ནུས་ལྡན་ངང་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།