ཞིང་ཆེན་དང་པུའུ་ཡིས་མཉམ་འབྲེལ་གྱིས་མཚོ་སྔོན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་ཡུལ་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས། ལུའོ་ཏུང་ཁྲོན་དང་མའེ་ཨར་ཏན·མུའུ་ཀའེ་ཐིས་གཉིས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ7པའི་ཚེས13ཉིན། ཞིང་ཆེན་མི་དམངས་སྲིད་གཞུང་དང་ཞིང་ལས་ཞིང་སྡེ་པུའུ་ཡིས་མཉམ་འབྲེལ་སྒོས་མཚོ་སྔོན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་ཡུལ་འཛུགས་སྐྲུན་བྱེད་པའི་བྱ་བར་སྐུལ་འདེད་གཏོང་བའི་ཚོགས་འདུ་ཟི་ལིང་དུ་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཏེ། བྱ་བའི་ཉམས་མྱོང་ཕྱོགས་སྡོམ་དང་གནས་པའི་གནད་དོན་ལ་དབྱི་ཞིབ། ལས་འགན་གཙོ་བའི་བཀོད་སྒྲིག་བྱས་ནས་ནུས་ཤུགས་ཡོད་རྒུས་ཕྱིར་འཚོང་བྱེད་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཐོལ་བརྒལ་གསར་བ་ལེན་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་། ཞིང་ལས་ཞིང་སྡེ་པུའུ་ཡི་ཏང་ཙུའུ་ཁོངས་མི། པུའུ་ཀྲང་གཞོན་པ་མའེ་ཨར་ཏན·མུའུ་ཀའེ་ཐིས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་འདུ་ལས་བསྟན་དོན། 2021ལོར་ཞིང་ཆེན་དང་པུའུ་ཡི་མཉམ་འབྲེལ་ལམ་ལུགས་བཙུགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་དང་ཞིང་ལས་ཞིང་སྡེ་པུའུ་ཡི་ཕྱིར་འཚོང་བྱེད་ཡུལ་འཛུགས་བསྐྲུན་གྱི་ལྟེ་བའི་ལས་འགན་ལ་དམིགས་ཏེ། ཟློས་མཐུན་མཉམ་འགུལ་དང་མཐུན་སྦྱོར་ཤུགས་འདོན། མཐུན་སྦྱོར་ལམ་ལུགས་ནུས་མཐོ་བདེ་བླག་ཡོང་བ། སྐྱེ་ཁམས་རང་མདངས་མངོན་གསལ་ཡིན་པ། ཕྱིར་འཚོང་བྱེད་ཡུལ་གྱི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་འགྲོ་བ། ཕྲེང་སྦྲེལ་མ་ལག་ཧྲིལ་བོ་མགྱོགས་མྱུར་གྱིས་གྲུབ་པ། ཚད་ལྡན་ཆུ་ཚད་བརྟན་བརླིང་ངང་གོང་འཕེལ་འགྲོ་བ། ཐོན་ལས་ཀྱི་དམངས་ཕྱུག་གྲུབ་འབྲས་མངོན་གསལ་ཡིན་པ་བཅས་ལ་སྐུལ་འདེད་བཏང་ནས། གཞན་ལ་ངོམ་དུ་རུ་བའི་མཐོ་སྒང་གི་རྒྱུགས་ལན་སྤྲོད་དགོས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་བ”འགོ་བརྩམས་པའི་ལོ་ཡིན་ལ། གཅིག་གྱུར་བཀོད་འདོམས་ཀྱིས་ཚན་རྩལ་ཞིང་ལས་དང་ལྗང་མདོག་ཞིང་ལས། སྤུས་ལེགས་ཞིང་ལས། ཟོང་རྟགས་ཞིང་ལས་བཅས་ཀྱི་གནད་འགག་གི་དུས་མཚམས་ཤིག་ཡིན། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས། སྤུས་ཚད་མཐོ་བ་དང་འཕར་ཚད་མཐོ་བ། འདོན་སྤྲོད་ཚད་མཐོ་བ་དང་ཕྱིར་འཚོང་ཚད་མཐོ་བ་བཅས་ལ་དམིགས་ཏེ། གཟེར་འདེབས་སྙིང་སྟོབས་ཀྱིས་ཕྱིར་འཚོང་བྱེད་ཡུལ་འཛུགས་སྐྲུན་དམ་འཛིན་ནན་མོ་བྱེད་དགོས། སྐྱེ་ཁམས་བདེ་འཇགས་དང་སྤུས་ཚད་བདེ་འཇགས་ཀྱི་ཚད་མཐའ་སྲུང་དམ་སྲུང་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཐུན་མོང་འཕེལ་རྒྱས་དང་ཕན་ཚུན་གཞོགས་འདེགས་ཀྱི་སྒོ་ནས་རྒྱུན་མཐུད་ངང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་། ཐོན་ལས་སྦྲེལ་ཐག་རིང་དུ་གཏོང་བ་དང་ཆད་གསབ་བྱེད་པ་སྟོབས་ལྡན་དུ་གཏོང་བར་ཤུགས་སྣོན་པ་དང་། ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་། སྤུས་ཚད་ཞིབ་བཤེར། སྤུས་ཚད་གདེང་འཇོག་སོགས་ཀྱི་ཞན་ཆ་མགྱོགས་མྱུར་ངང་གསབ་པ། སྤུས་ཚད་དོ་མི་མཉམ་པ་དང་ཐོན་ལས་སྦྲེལ་ཐག་ཐུང་བ། ཐོན་རྫས་ངོས་འཛིན་གྱི་ཚད་དམའ་བ་སོགས་ཀྱི་དཀའ་གནད་སེལ་བ། ཞིང་ལས་ཐོན་རྫས་ཐོག་མ་ལས་སྣོན་ཞིབ་ཚགས་ཅན་གྱི་ཐོན་རྫས་སུ་བསྒྱུར་བ་དང་། ཟུར་སྣོན་རིན་ཐང་དམའ་བའི་མ་བཅོས་རྒྱུ་ཆ་རིན་ཐང་མཐོ་བའི་ཚོང་ཟོག་ཏུ་བསྒྱུར་བར་སྐུལ་འདེད་གཏོང་བ། མཐོ་སྒང་གི་དེང་རབས་ཞིང་ཕྱུགས་ཐོན་ལས་ཀྱི་ཁྱུ་ཚོགས་གཏོད་པ་བཅས་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་སྐུལ་འདེད་ནུས་པ་ཆེ་རུ་གཏོང་བ་དང་། ཐོན་སློབ་ཞིབ་གསུམ་གྱི་མཐུན་སྦྱོར་གསར་གཏོད་རྣམ་པ་བསྐྲུན་པ། གཞི་རིམ་གྱི་ལག་རྩལ་འཇོན་མིའི་ཞན་ཆ་ཁ་གསབ་བྱེད་པ། ཞིང་ཕྱུགས་ལས་རིགས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་པས་ཐོན་ཁུལ་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བྱེད་དགོས། མ་ལག་ལྡན་པའི་སྒོ་ནས་ཚོང་རྟགས་ཀྱི་ཚོགས་པ་སྟོབས་ཆེར་གཏོང་བ་དང་། ཞིང་ཆེན་རིམ་པའི་སྤྱི་སྤྱོད་ཚོང་རྟགས་བཀྲག་མདངས་འཚེར་བར་བྱེད་པ། ཁེ་ལས་ཀྱི་ཚོང་རྟགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཚོང་རྟགས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་གཏོང་བ། ཐོན་སྐྱེད་དང་ཕྱིར་འཚོང་འཁོར་རྒྱུག་མ་ལག་གེགས་མེད་དུ་གཏོང་བ། མཐོ་སྒང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་བཅས་བྱེད་དགོས། མི་དམངས་ཕྱུག་འགྱུར་དང་ཞིང་ལས་དར་རྒྱས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྣ་མང་དང་ཡུན་རིང་གི་ཞིང་ལས་མཉམ་འབྲེལ་དང་ཞིང་ལས་སྣེ་ཁྲིད་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་ཐོན་ལས་ཀྱི་རིན་ཐང་འཕར་བའི་ཁེ་སྤོགས་མཉམ་སྤྱོད་གང་ལེགས་བྱེད་དགོས། ཞིང་ཆེན་དང་པུའུ་ཡིས་མཉམ་འབྲེལ་གྱིས་འཛུགས་སྐྲུན་བྱེད་པའི་ནང་རྐྱེན་གཏིང་ཟབ་ཏུ་གཏོང་བ་དང་། ཁ་ཟུམ་ཅན་གྱི་མཉམ་འབྲེལ་དོན་འཁྱོལ་ལས་ཀའི་མ་ལག་འཛུགས་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། མཚོ་སྔོན་གྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པར་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས།

ཚོགས་འདུའི་སྟེང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་ཞིང་ཆེན་དང་པུའུ་ཡིས་མཉམ་འབྲེལ་གྱིས་མཚོ་སྔོན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་ཡུལ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། མཚོ་བྱང་ཁུལ་དང་ལི་ཏུའུ་ཆུས། ཞིང་ཆེན་ཚན་རིག་ལག་རྩལ་ཐིང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དོམ་ཅུས། ལུང་དབྱང་ཀྲི་ཞན(མཚོ་སྔོན)མ་རྐང་ཚད་ཡོད་ཀུང་ཟི་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས།

ཀྲང་ཅེན་ཀང་གིས་འགོ་འཛིན་བྱས། ཀྲང་ཧྭང་ཡོན་དང་ཅིན་ཧྲིང་ཧྲུའོ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།