ཟླ7པའི་ཚེས12ཉིན། གསར་འགོད་པས་སྐབས་ཉེར་བདུན་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་ལག་བསྟར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་དུ་བློ་གྲོས་གཅིག་བསྡུས་བྱས་ནས་མཚོ་སྔོན་གསར་པར་རོགས་འདེགས་བྱེད་ཅེས་པའི་ཤེས་ལྡན་མི་སྣའི་ལས་གཞིའི་སྦྲེལ་མཐུད་ཚོགས་འདུའི་གྲ་སྒྲིག་བྱ་བ་སྣ་ཚོགས་བདེ་བླག་ངང་སྤེལ་བཞིན་ཡོད་པ་དང་། མིག་སྔའི་བར་དུ། གྲོང་ཁྱེར་དང་ཁུལ་བརྒྱད་དང་། སྡེ་ཁག་བཅུ་དགུ་ཡིས་བསྡོམས་པས་ཤེས་ལྡན་མི་སྣའི་ལས་གཞིའི་དགོས་མཁོ་ལྔ་བརྒྱ་ལྷག་སྤྲད་པ་དང་། དེ་དག་ལྗང་མདོག་རྩིས་ནུས་དང་སྐྱེ་ཁམས་ཁོར་ཡུག ནུས་ཁུངས་ཐོན་ཁུངས། རིག་གནས་ཡུལ་སྐོར་སོགས་ཕྱོགས་བཅུ་དང་འབྲེལ་ཡོད།
2020ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་བློ་གྲོས་གཅིག་བསྡུས་བྱས་ནས་མཚོ་སྔོན་གསར་པར་རོགས་འདེགས་བྱེད་ཅེས་པའི་ཤེས་ལྡན་མི་སྣའི་ལས་གཞིའི་སྦྲེལ་མཐུད་ཚོགས་འདུ་འཚོགས་འགོ་བརྩམས་པ་ནས་བཟུང་། བསྟུད་མར་སྐབས་དྲུག་ལ་སྤེལ་བ་དང་། དེ་ནི་རང་ཞིང་གི་གཞི་ཁྱོན་ཆེས་ཆེ་བ་དང་རིམ་པ་ཆེས་མཐོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་གྱི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་ཞིང་། ལས་གཞི་མཉམ་ལས་དང་ཤེས་ལྡན་མི་སྣ་སྦྲེལ་མཐུད། གྲོས་མོལ་བརྗེ་རེས་བཅས་གཞི་གཅིག་ཅན་གྱི་ཞིང་ཆེན་རིམ་པའི་ཤེས་ལྡན་མི་སྣའི་བྱ་བའི་སྟེགས་བུ་ཞིག་ཀྱང་ཡིན་ལ། ནུས་ལྡན་ངང་མཚོ་སྔོན་དྲིལ་སྒྲོག་དང་འོས་སྦྱོར་བྱེད་བཞིན་ཡོད་པར་མ་ཟད། རྒྱུན་ཆད་མེད་པར་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཐབས་ལམ་རྒྱ་བསྐྱེད་དེ་སྔར་ལས་མངོན་གསལ་གྱི་བྱེད་ནུས་འདོན་བཞིན་ཡོད། ལོ་དྲུག་གི་རིང་། སྦྲེལ་མཐུད་ཚོགས་འདུའི་སྟེགས་བུར་བརྟེན་ནས་ཞིང་ཆེན་ཡོངས་སུ་བསྡོམས་པས་ལས་གཞི་ཉིས་སྟོང་དྲུག་བརྒྱ་བཅུ་དྲུག་ལ་གྲོས་མཐུན་བཀོད་པ་དང་། རིགས་སོ་སོའི་ཤེས་ལྡན་མི་སྣ་བདུན་སྟོང་བརྒྱ་དང་ང་བརྒྱད་ནང་འདྲེན་བྱས་ཤིང་། དེའི་ནང་ཀྲུང་གོའི་ཚན་རིག་གླིང་དང་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཞེ་དགུ་ཡོད་ལ། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཐད་སྟོབས་དང་ལྡན་པའི་སྒུལ་ནུས་འདོན་སྤྲོད་བྱས།
ད་ལོར། སྐབས་རིམ་བྱུང་གི་ཉམས་མྱོང་སྤྱི་སྡོམ་བྱེད་པའི་རྨང་གཞིའི་སྟེང་། མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ལ་རྐང་བཙུགས་ནས་ཚོགས་འདུ་སྒྲུབ་པའི་ཐབས་ལམ་གསར་གཏོད་དང་བྱེད་སྒོའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ལ། ཤེས་ལྡན་མི་སྣ་དང་ཐོན་ལས་མཉམ་འདྲེས་ཟབ་མོ་བྱེད་པར་དམིགས་ཏེ་སྟོབས་ཤུགས་ཡོད་རྒུས་ཤེས་ལྡན་མི་སྣ་དང་ལག་རྩལ། མ་དངུལ། ཟོང་རྟགས་སོགས་ཕུལ་བྱུང་གསར་གཏོད་རྒྱུ་རྐྱེན་གཙོ་བོ་མཚོ་སྔོན་དུ་གཅིག་བསྡུས་བྱེད་པར་སྐུལ་འདེད་བཏང་བས། བྱ་བ་སྣ་ཚོགས་ཐད་ཁྱད་ཆོས་གསར་པ་མངོན་ཡོད།
ཤེས་ལྡན་མི་སྣ་ནང་འདྲེན་ལས་གཞི་གནད་ལ་འཁེལ་ཡོད་དེ། རིགས་པའི་གཞུང་ལུགས་ཀྱིས་སྣེ་ཁྲིད་ནས་ཁ་ཕྱོགས་གསལ་བོ་བྱེད་པ་དང་། སྙིང་སྟོབས་ལ་བརྟེན་ནས་བླ་སྲོག་བསྐྲུན་ཏེ་འགན་འཁྲི་འཁུར་ཕོད་པར་བྱེད་དགོས་ཞེས་པ་བརྗོད་དོན་དུ་བྱས་ནས། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཀྱི་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་བཀོད་སྒྲིག་བྱས་ནས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོ་དང་རིག་གནས་དྲིལ་སྒྲོག་ཁྲོད་འདྲེས་པར་བྱེད་པའི་གསར་གཏོད་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བསམ་བློ་ཆབ་སྲིད་ཐད་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་བསྣན།
ལས་གཞི་སྦྲེལ་མཐུད་སྔར་ལས་གཅིག་བསྡུས་བྱས་ཡོད་དེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ། རྩིས་གློག་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་སོགས་ཁྱབ་ཁོངས་གཙོ་བོར་དམ་དུ་དམིགས་ནས། ལས་གཞི་གསོག་འཇོག་ཐད་གནད་ལ་འཁེལ་བའི་སྒོ་ནས་གྲལ་བཤེར་བྱས་ཏེ་རང་རྟོགས་སྒོས་ཕུལ་བྱུང་ཤེས་ལྡན་མི་སྣའི་ཐོན་ཁུངས་དང་སྦྲེལ་མཐུད་ལེགས་པོ་བྱས། སྐབས་སྔོན་མ་དག་དང་བསྡུར་ན། ད་ལོར་སྦྲེལ་མཐུད་བྱས་པའི་ཤེས་ལྡན་མི་སྣའི་ལས་གཞིས་ལས་རིགས་གཙོ་བོ་དང་ཁྱད་ལྡན་ཐོན་ལས་ལ་དམིགས་ཡོད་པས། མཁོ་སྤྲོད་གནད་འཁེལ་ཚད་སྔར་ལས་མཐོ་བ་དང་མཐུན་ཚད་སྔར་ལས་ཆེ་ལ། ལས་གཞི་དང་ཤེས་ལྡན་མི་སྣའི་རིམ་པ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།
བྱེད་སྒོའི་རྣམ་པ་སྔར་ལས་ཕུན་སུམ་ཚོགས་ཏེ། མཚོ་སྔོན་དུ་ཡོང་བའི་འབུམ་རམས་ཞབས་ཞུ་ཚོགས་པའི་ཁོངས་མིའི་རིག་སྟོབས་ཀྱི་དགེ་མཚན་དང་ཐོན་ཁུངས་ཀྱི་དགེ་མཚན། རྒྱབ་ཕྱོགས་ཀྱི་དགེ་མཚན་ལ་བརྟེན་ནས་འབུམ་རམས་ཞབས་ཞུ་ཚོགས་པའི་གླེང་སྟེགས་སྤེལ་བ་དང་། མནའ་འབྲེལ་འཛུགས་པ་དང་སྟེགས་བུ་བསྐྲུན་པ་བརྒྱུད་དེ་ས་ཁོངས་བརྒལ་བའི་ཤེས་ལྡན་མི་སྣའི་མཐུན་སྦྱོར་རྐྱེན་སྲོལ་བཙུགས་ནས་མཚོ་སྔོན་གྱི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ལག་རྩལ་མཉམ་ལས་ལ་རོགས་འདེགས་བྱས་ཡོད།